ཞི་ཅིན་ཕིང་གིས་ཅེ་ཁེའི་ཙུང་ཐུང་ལ་བརྙན་ལམ་ནས་མཇལ་འཕྲད་གནང་།
2023.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་དང་པོའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅེ་ཁེའི་ཙུང་ཐུང་ཙི་མན་ལ་བརྙན་ལམ་ནས་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་ངོ་བཅུའི་རིང་ལ། ང་ཚོས་ཐུག་འཕྲད་དང་ཁ་པར་གྱི་ཐབས་ལམ་བརྒྱུད་དེ། ཕྱོགས་གཉིས་ཀའི་འབྲེལ་བ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སོགས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱས་ཡོད། ང་ཚོས་ཕྱོགས་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་མི་སྣའི་འགྲོ་འོང་ལ་མཉམ་དུ་སྐུལ་འདེད་བཏང་བར་བརྟེན། ཅེ་ཁེས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ལྡབ་གཉིས་ཙམ་འཕར་བ་དང་། ཉིས་སྟོང་བཅུ་དགུ་ལོར་ཀྲུང་གོའི་མི་ཅེ་ཁེར་ཡུལ་སྐོར་དུ་འགྲོ་ཚད་ནི་ཉིས་སྟོང་བཅུ་གསུམ་ལོ་ལས་བརྒྱ་ཆའི་ཉིས་བརྒྱ་དང་ལྔ་བཅུ་འཕར་ཡོད།  ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། ཅེ་ཁེ་འདི་ཉིད་འཐབ་ཇུས་ཀྱི་ཟླ་གྲོགས་གལ་ཆེན་ཞིག་ཏུ་བརྩིས་ནས། ཅེ་ཁེ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་དེས་ཅེ་ཁེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་བསྐྲུན་ངེས་ཡིན། ཕྱོགས་གཉིས་ཀས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རིམ་པ་མང་བ་དང་སྤུས་ཚད་མཐོ་བའི་བརྗེ་རེས་ལ་ཤུགས་སྣོན་རྒྱག་དགོས། ཕན་ཚུན་ཁ་གསབ་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་གཉིས་ཕན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་ཆོས་རིག་གནས་བརྗེ་རེས་བྱེད་ཚད་གཏིང་ཟབ་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་དངོས་གཉེར་ཀྱི་བྱེད་ཐབས་སྔར་ལས་གང་མང་བཏོན་ནས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་ཀྱི་བརྟན་པོའི་ཆ་རྒྱུན་འཁྱོངས་བྱས་ཡོད། ཅེ་ཁི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རོགས་བྱེད་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།

ཙི་མན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་གནང་བར་ང་རང་མཐའ་གཅིག་ཏུ་མོས་མཐུན་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛའ་མཐུན་ལ་གཅེས་སྤྲས་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་སེལ་བྱེད་པ། མི་སྣ་འགྲོ་འོང་སླར་གསོ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གསོན་སྟོབས་རྒྱས་པར་བྱེད་རྒྱུ་ཡིན། ཅེ་ཁེ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་བསྟན།

ཝང་དབྱི་དང་ཧི་ལིས་ཧྥུན་སོགས་ཐེངས་འདིའི་མཇལ་འཕྲད་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།