ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་གྱི་སྲིད་གྲོས་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས།
2023.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་གྱི་སྲིད་གྲོས་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས། གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། སྲིད་གྲོས་བྱ་བ་བཟང་བོར་སྒྲུབ་པའི་བསམ་ཕྱོགས་བྱེད་ཐབས་དང་ཉམས་མྱོང་སྒྲུབ་སྟངས་ལ་སྤྱི་བསྡོམས་དང་བརྗེ་རེས་བྱས་པ་དང་། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་ཐད་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཀྲུའུ་ཞི་གཞོན་པ་མཱ་ཅི་ཞོ་དང་རིན་ཆེན་རྣམ་རྒྱལ། ཀྲང་ལིས། ཀྲང་ཝུན་ཁོས། མ་ཧེ་དབྱིན། ཝང་ཞོན། ཀྲང་ཞོ་རོང་། མ་ཧྥིན་ཧྲིན་བཅས་གྲོས་ཚོགས་ལ་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་བྱ་བ་གཙོ་བོ་བསྒྲུབས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བ་སྔར་ལས་བཟང་བོར་སྒྲུབ་པ་དང་སྙན་ཞུའི་འཆར་ཟིན་འཐུས་ཚང་དུ་གཏོང་བའི་ཐད་ལ་གྲོས་གཞི་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་ཀྱིས་བྱ་བ་གང་མང་བསྒྲུབས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་བཏང་བས་ཕྱོགས་སོ་སོའི་བསྔགས་བརྗོད་ཐོབ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་རང་རྟོགས་སྒོས་ཏང་གི་མགོ་ཁྲིད་དེ་སྲིད་གྲོས་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོ་དང་བརྒྱུས་བར་བྱས་པ་དང་། ཏང་གིས་སྲིད་གྲོས་བྱ་བར་མགོ་ཁྲིད་པར་སྔར་ལས་ཤུགས་བསྣན། སློབ་སྦྱོང་གི་ལམ་ལུགས་དང་རྐྱེན་སྲོལ་སྣ་ཚོགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་བ་དང་། བསམ་བློ་ཆབ་སྲིད་ཀྱིས་སྣེ་ཁྲིད་པ་གཏིང་ཟབ་ཏུ་སྤེལ། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་གཅིག་སྡུད་བྱས་པ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་ཇེ་ཆེར་བཏང་། རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་གྱིས་རང་འགུལ་སྒོས་འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་བཏང་ཞིང་ལས་རིགས་དང་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུས་པ་དང་། ཨུ་ཡོན་གྱི་གཙོ་གཞིའི་ནུས་པ་སྔར་ལས་འདོན་སྤེལ་བྱས། གཞི་རིམ་སྲིད་གྲོས་ཀྱི་ཞན་ཆ་གཉིས་ཀྱི་གནད་དོན་སྔར་ལས་ཐག་གཅོད་བྱས། ཁོས་བསྟན་དོན། ཚང་མས་བཏོན་པའི་སྙན་ཞུའི་བཟོ་བཅོས་བསམ་འཆར་དང་བྱ་བའི་གྲོས་གཞི་ལ་ནན་ཏན་སྒོས་ཞིབ་འཇུག་བྱེད་པ་དང་ཧུར་ཐག་སྒོས་དང་ལེན་བྱེད་ངེས་ཡིན་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མི་དམངས་སྲིད་གྲོས་བྱ་བ་བཟང་བོར་སྒྲུབ་སྐབས། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་གཏན་གནས་ཁོང་དུ་ཆུད་པར་བྱེད་དགོས་ལ། ངེས་པར་དུ་རྒྱུན་མཐུད་སྒོས་ཐུན་མོང་གི་ལྟ་ཚུལ་གཅིད་སྡུད་བྱེད་པའི་དངོས་ཕན་ཇེ་དྲག་ཏུ་གཏོང་དགོས་པ་དང་། ངེས་པར་དུ་དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་དགོས་ལ། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་མི་དམངས་སྲིད་གྲོས་ཀྱིས་མི་དམངས་བསམ་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དར་ཆ་མཐོན་པོར་སྒྲེང་དགོས་ལ། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་སྒོས་རང་ཉིད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བཞག་སྟེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྟེང་བཏོན་པའི་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པ་དང་བརྒྱུས་པར་བྱེད་པ་དང་། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དམིགས་ནས་དངོས་གཉེར་ཐབས་ཇུས་འདོན་དགོས། དུས་དང་རྣམ་པ་ཀུན་ཏུ་ཏང་ཨུ་དང་སྲིད་གཞུང་གི་བྱ་བར་མཉམ་དུ་ནུས་ཤུགས་གང་ཡོད་འདོན་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་སྣེ་ཁྲིད་ཐད་ནས་དངོས་ཕན་བརྩོན་ལེན་བྱེད་པ་དང་། གྲོས་མོལ་ཇུས་འདོན་ཐད་ནས་གྲུབ་འབྲས་ཐོབ་པར་བྱེད་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་ནས་འགན་འཁྲི་དང་ལེན་བྱེད་དགོས།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།