ཟླ་དང་པོའི་ཚེས་དགུ་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་རྒྱུ་ཆས་མཁོ་སྤྲོད་ལ་འགན་ལེན་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་ཁྲོམ་རའི་ཉེན་ཁར་ནུས་ཡོད་སྒོས་ཁ་གཏད་འཇལ་བ། ཁྲོམ་རའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་ཞིང་ལས་རྒྱུ་ཆས་མཁོ་འདོན་བྱེད་ཚད་འདང་ལ་སྤུས་ཀ་ལེགས་པ་དང་རིན་གོང་བརྟན་པོ་ཡོང་བར་འགན་སྲུང་བྱེད་དགོས་ཞེས་བསྟན།
ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པ་དང་། ཞིང་སྤྱོད་དངོས་རྫས་ཀྱི་རིན་གོང་བརྟན་པོ་ཡོང་བ་དང་མཁོ་སྤྲོད་ལ་འགན་ལེན་བྱེད་རྒྱུ་དེ་འབྲུ་རིགས་བདེ་འཇགས་དང་འབྲེལ་བ་ཡོད་ལ། དཔྱིད་རྨོ་ཐོན་སྐྱེད་བྱ་བའི་ཁྲོད་ཀྱི་དོན་ཆེན་ཡིན་པས། ངེས་པར་དུ་དམ་འཛིན་ལྷོད་མེད་དང་དོན་འཁྱོལ་ནན་མོ་བྱེད་དགོས། ཞིང་ལས་རྒྱུ་ཆས་ཀྱི་སྤུས་ཚད་ལ་འགན་ལེན་བྱེད་དགོས། ཞིང་ལས་རྒྱུ་ཆས་ཀྱི་སྤུས་ཚད་ནི་འབྲུ་རིགས་ཀྱི་ཐོན་ཚད་འཕར་བ་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་འགྲོ་བའི་གནད་འགག་ཡིན་པས། འགན་ནུས་བྱེད་ནུས་ཧུར་ཐག་གིས་འདོན་སྤེལ་བཟང་བོ་བྱེད་པ་དང་། སྤུས་ཚད་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་གྱི་འགག་སྒོ་ནན་མོར་སྲུང་བ། མཁོ་སྤྲོད་འདང་ངེས་ཡོང་རྒྱུར་དོ་སྣང་བྱེད་པ་དང་སྤུས་ཚད་ཇེ་མཐོར་གཏོང་རྒྱུར་དེ་ལས་ཀྱང་དོ་སྣང་བྱས་ཏེ་སྤུས་ཚད་ལེགས་པའི་ཞིང་ལས་རྒྱུ་ཆས་གྲོང་གསེབ་ཏུ་ནང་འདྲེན་བྱེད་དགོས། ཕྱིར་འཚོང་རིན་གོང་བརྟན་པོ་ཡོང་བར་བྱེད་དགོས། རིམས་ནད་ཀྱི་ཤུགས་རྐྱེན་དང་མ་བཅོས་རྒྱུ་ཆས་ཀྱི་རིན་གོང་འཕར་བ་ལས་བྱུང་བའི་གནོད་རྐྱེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་འཇལ་བ་དང་གསོག་འཇོག་སོགས་ཀྱི་བྱེད་ཐབས་སྤྱད་དེ་རིན་གོང་འཕར་ཆག་ལ་ཁ་གཏད་འཇལ་བ། མང་ཚོགས་ལ་ཁེ་ཕན་ཐོབ་པར་བྱེད་པ། ཐོན་སྐྱེད་མ་རྩ་ཇེ་དམའ་རུ་གཏོང་བ་བཅས་བྱས་ཏེ་ཞིང་བ་མང་ཚོགས་ཀྱི་སོན་འདེབས་བརྩོན་སེམས་ལ་སྲུང་སྐྱོབ་བྱེད་དགོས། མ་དངུལ་འཇོག་པར་འགན་སྲུང་བྱེད་དགོས། དངུལ་རྩའི་ལས་ཁུངས་དང་མཐུན་སྦྱོར་བྱས་ནས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གཙོ་བོར་ཞིང་ལས་རྒྱུ་ཆས་ཐོན་སྐྱེད་དང་ཕྱིར་འཚོང་ཁེ་ལས་ལ་རྒྱབ་སྐྱོར་བྱས་ཏེ་དངོས་ཟོག་གསོག་འཇོག་ཟམ་མི་ཆད་པ་དང་དངོས་ཟོག་ཐོན་སྐྱེད་མཚམས་མི་འཇོག་པ། དངོས་ཟོག་གཏོང་སྤྲོད་འདང་ངེས་ཡོང་བར་བྱེད་དགོས། ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས། ཞིང་ལས་རྒྱུ་ཆས་ཐོན་སྐྱེད་ཕྱིར་འཚོང་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། ཐོན་རྫས་རྫུན་མར་དག་ཐེར་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བ། ཡུན་ཕན་ལྟ་སྐུལ་དོ་དམ་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སོན་འདེབས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་ཞིང་ལས་རྒྱུ་ཆས་ཁྲོམ་རའི་ཁོར་ཡུག་བཟང་བོར་སྲུང་སྐྱོང་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།