ཟླ་དང་པོའི་ཚེས་བཅུ་ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་བསྡུས།
ཟླ་དང་པོའི་ཚེས་བཅུ་ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་བསྡུས། ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ལ། ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བར་སྤྱི་བསྡོམས་བྱས་པར་མ་ཟད། དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་ཉིས་སྟོང་ཉེར་གསུམ་ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་བཀོད་སྒྲིག་བྱས།
ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཉིས་སྟོང་ཉེར་གཉིས་ལོའི་བྱ་བའི་སྙན་ཞུ་ཕུལ་བ་དང་། ཉིས་སྟོང་ཉེར་གསུམ་ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་སྤྱི་བསྡོམས་བྱས་པ་དང་། ཉིས་སྟོང་ཉེར་གསུམ་ལོའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་ཞིབ་ཏུ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཁྲིན་རོས་ཧྥིན་དང་ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། པད་ཁོ། ཀྲུའུ་ཞང་ཧྥིན་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་སྟེང་ན་ནིང་གི་ཚུན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས། གྲོས་ཚོགས་ནས་བལྟས་ན། འདས་པའི་ལོ་གཅིག་གི་ནང་དོན་ཆེན་མང་བ་དང་དོན་དག་འགངས་ཆེན་མང་ལ། དཀའ་གནད་མང་བས། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་དུ་ཧ་ཅང་སྤྱིར་བཏང་མ་ཡིན་པ་དང་ཧ་ཅང་གལ་ཆེ་བའི་ལོ་ཞིག་ཡིན། དཀའ་ཚེགས་ཆེ་ཞིང་ལས་འགན་ལྗིད་པའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ལ་དམིགས་པ་དང་། རྙོག་འཛིང་དང་ཛ་དྲག་ཆེ་བའི་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་བརྡབ་གསིག་ལ་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་ཤིང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ལ། རིམས་ནད་འགོག་སྡོམ་བྱེད་པ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ་དང་། འཕེལ་རྒྱས་བདེ་འཇགས་ཡིན་པ་བཅས་ཀྱི་རེ་བ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྡོག་རྩ་གཅིག་སྒྲིལ་དང་མཁྲེགས་གཏོར་དཀའ་སེལ། འབད་བརྩོན་ལྷོད་མེད་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་མ་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསྡུ་བ་བཅས་དོན་ཆེན་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱས་ཤིང་། གནས་བཞིའི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་ཁྲོད་དུ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་ཞིང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་དར་རྒྱས་སུ་བཏང་བར་མ་ཟད། དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བར་ཤུགས་བསྣན་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས། ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་འཕེལ་རིམ་གསར་བ་བྱུང་བ་དང་གྲུབ་འབྲས་གསར་བ་བླངས་པར་སྙམ།
ཚང་འཛོམས་གྲོས་ཚོགས་སྟེང་ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བར་ཕྱིར་དྲན་དང་སྤྱི་བསྡོམས་བྱས། གྲོས་ཚོགས་ནས་བསྟན་དོན། ན་ནིང་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཧ་ཅང་སྤྱིར་བཏང་མིན་པ་དང་། ལོ་རྒྱུས་སྟེང་མཐོང་དཀོན་པའི་ནམ་ཟླའི་ཤུགས་རྐྱེན་ཐེབས་ཤིང་། ཧ་ཅང་རྙོག་འཛིང་དང་ཛ་དྲག་ཆེ་བའི་རིམས་ནད་ཀྱི་བརྡབ་གསིག་མང་དུ་མྱངས། ང་ཚོས་དཀའ་ཁག་ལ་མ་འཛེམས་པར་མདུན་དུ་བསྐྱོད་པ་དང་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཤིང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་བཏང་ཞིང་དཔལ་འབྱོར་འོས་འཚམ་གྱི་ཁུལ་གནས་སུ་འཁོར་སྐྱོད་བྱས་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་བརླིང་སྒོས་མཐོར་འདེགས་སུ་བཏང་ལ། ཚན་རྩལ་གསར་སྐྲུན་གྲུབ་འབྲས་མངོན་གསལ་ཡིན་པ་དང་། ལས་ཞུགས་དངོས་གོང་ཕལ་ཆེར་བརྟན་བརླིང་ཡིན་ལ། འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། མི་དམངས་ཀྱི་འཚོ་བར་ནུས་ལྡན་སྒོས་འགན་སྲུང་བྱས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ཡོང་བར་འགན་སྲུང་བྱས།
གྲོས་ཚོགས་སྟེང་བསྟན་དོན། ཐོབ་དཀའ་བའི་གྲུབ་འབྲས་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་ལ་རག་ལས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མཛུབ་ཁྲིད་ལ་རག་ལས་པ་དང་། དེ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་མཁྲེགས་གཏོར་དཀའ་སེལ། སྤོབས་པ་ཆེན་པོས་འཐབ་རྩོད་བྱས་པ་དང་འཐབ་རྩོད་བྱེད་མཁས་པའི་མཇུག་འབྲས་ཡིན། ཕྱོགས་ཡོངས་དང་རྩོད་སྒྲུབ་སྒོས་ཉིས་སྟོང་ཉེར་གཉིས་ལོའི་བྱ་བར་ལྟ་སྐབས། ལོ་གཅིག་གི་དམིགས་ཚད་ལ་ལྟ་དགོས་པར་མ་ཟད། ད་དུང་འཁོར་ཡུན་རིང་བའི་གཞི་གྲངས་འཕེལ་འགྲིབ་ཀྱི་གནས་ཚུལ་ལ་ལྟ་དགོས་པ་དང་། ཁྲོམ་རའི་འགྱུར་ལྡོག་གི་རྣམ་པར་ལྟ་དགོས་ལ། མང་ཚོགས་བདེ་སྐྱིད་ཀྱི་དོན་དངོས་འདྲི་དགོས་པ་དང་། ཡུན་རིང་འཕེལ་རྒྱས་ཀྱི་གནས་བབ་ལ་ལྟ་དགོས། འཐབ་ཇུས་ཀྱི་ངེས་ཤུགས་མུ་མཐུད་དུ་སྲུང་འཛིན་བྱེད་པ་དང་། ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། ངར་ཤུགས་ཆེར་སྐྱེད་དང་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་སྟེ། ཏན་ཏན་ཏིག་ཏིག་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོ་སྔོན་དུ་ལག་བསྟར་བྱས་ནས་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་གནས་བབ་ལ་རྒྱུས་ལོན་ཡང་དག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསང་བཤད་གལ་ཆེན་གྱིས་ད་ལོ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པའི་ཐད་རྩ་དོན་ཆེན་པོ་ཁ་གསལ་བཏོན་པ་དང་གནས་ལུགས་ཆེན་པོ་གསལ་བཤད་བྱས་ཡོད་ལ། བསམ་ཕྱོགས་ཆེན་པོ་ལེགས་སྒྲིག་དང་། ཁ་ཕྱོགས་ཆེན་པོ་གསལ་སྟོན་བྱས་ཡོད་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མགོ་བཟང་བོ་རྩོམ་པའི་ཐད་དོན་སྙིང་ཟབ་མོ་ལྡན། བསམ་བློའི་རང་རྟོགས་མཐོན་པོ་དང་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ། བྱ་སྤྱོད་ཀྱི་རང་རྟོགས་མཐོན་པོས་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཡང་དག་བྱས་ཏེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཆད་ལུས་མེད་པར་དོན་འཁྱོལ་བཟང་བོ་བྱེད་དགོས། མིག་སྔར་སྔོན་ཆད་བྱུང་མ་མྱོང་བའི་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་འབྱུང་བཞིན་ཡོད། རྒྱལ་ཁབ་ཕྱི་ནང་གི་གནས་བབ་འགྱུར་ལྡོག་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། གོ་སྐབས་རང་འགུལ་གྱིས་དམ་འཛིན་བྱེད་པ། འགྲན་རྩོད་ལ་ཁ་གཏད་ཧུར་ཐག་འཇལ་བ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་དང་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་བཅངས་ཏེ་ད་ལོའི་ལས་དོན་ཏན་ཏན་ཏིག་ཏིག་གིས་ལེགས་པོར་སྒྲུབ་དགོས། ད་ལོའི་ལས་དོན་ལེགས་པོར་བསྒྲུབ་དགོས་ན། སྔོན་དཔག་བརྟན་འཇགས་དང་ཡིད་ཆེས་ཆེར་སྐྱེད་ནི་གནད་འགག་ཡིན། ང་ཚོའི་ཡིད་ཆེས་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལས་བྱུང་བ་དང་དེ་ནི་ཁེ་ཕན་ཆེས་ཆེ་ཤོས་ཡིན་པ་དང་། ང་ཚོའི་ཡིད་ཆེས་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་ལས་ཐོན་པས། དེ་ནི་གོ་སྐབས་ཆེས་ལེགས་ཤོས་ཡིན་ལ། ང་ཚོའི་ཡིད་ཆེས་ནི་སྤུས་ལེགས་ཐོན་ཁུངས་ལས་ཐོན་པས། དེ་ནི་དགེ་མཚན་ཆེས་བཟང་ཤོས་ཡིན། ང་ཚོའི་ཡིད་ཆེས་ནི་མཐུན་སྒྲིལ་འབད་འཐབ་ལས་ཐོན་པས། དེ་ནི་སྒུལ་ཤུགས་ཆེས་ཆེན་པོ་ཡིན་ལ། ང་ཚོའི་ཡིད་ཆེས་ནི་ཏང་གི་མགོ་ཁྲིད་ལས་ཐོན་པས། དེ་ནི་འགན་སྲུང་ཆེས་ཆེ་ཤོས་ཡིན། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་རྒྱུ་ལས་འགན་དང་པོར་འཇོག་པ་དང་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་སྔོན་འགྲོའི་འཐབ་ཇུས་སུ་བྱེད་པ། བཅོས་སྒྱུར་སྒོ་འབྱེད་གཞི་རྩའི་ཐབས་ལམ་བྱེད་པ། དམངས་ཚིས་ལེགས་བཅོས་བྱེད་རྒྱུ་རྩ་བའི་དམིགས་འབེན་བྱེད་པ། བདེ་འཇགས་བརྟན་འཇགས་ཚད་མཐའི་བླང་བྱ་རུ་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་གཉིས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། རྒྱལ་སྤྱི་རྒྱལ་ནང་གི་ཐོན་ཁུངས་གཉིས་དང་ཁྲོམ་ར་གཉིས་བཀོལ་སྤྱོད་ལེགས་པོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་བྱ་བའི་དོན་ཆེན་གཉིས་ལེགས་པོར་སྒྲུབ་པ། འཕེལ་རྒྱས་གསར་བའི་རྣམ་པར་ཞབས་ཞུ་དང་དེའི་ཁྲོད་འདྲེས་པར་བྱས་ནས། མཚོ་སྔོན་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་བར་སྟོང་གསར་པ་རྒྱ་བསྐྱེད་པ་དང་། རྙོག་འཛིང་གི་རྣམ་པ་དང་ཛ་དྲག་གི་གནས་བབ་ཁྲོད་དུ་རྒྱལ་ཁ་བརྩོན་ལེན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་སྟེང་ད་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་བཏོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་ཏུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྒོ་ནས་གཅིག་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལྷག་པའི་སྒོ་ནས་གཅིག་འདོམས་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་འཛུགས་སྐྲུན་བྱེད་པ། ཐོན་ལས་ཀྱི་གནས་བཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ནང་མཁོ་འཐབ་ཇུས་རྒྱ་བསྐྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཉིས་ཟུང་འབྲེལ་བྱེད་པ་ལག་བསྟར་བྱས་ནས་བརྟན་འཇགས་ངང་འཕར་སྣོན་འབྱུང་བ་དང་ལས་གཉེར་བརྟན་འཇགས་ཡིན་པ། དངོས་གོང་བརྟན་འཇགས་ཡིན་པའི་བྱ་བ་འབུར་དུ་ཐོན་པར་བྱེད་དགོས། ཉེན་ཁ་ཆེན་པོ་འགོག་ཟོན་དང་ཐག་གཅོད་ནུས་ལྡན་བྱས་ནས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས་སྤུས་ཚད་ཐད་ཀྱི་མཐོར་འདེགས་ནུས་ལྡན་དང་། གྲངས་ཚད་ཀྱི་ལུགས་མཐུན་འཕན་སྣོན་མངོན་འགྱུར་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མུ་མཐུད་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོའི་བྱ་བ་ཏན་ཏིག་གིས་སྒྲུབ་ན། གཙོ་བོར་གཤམ་གྱི་ཕྱོགས་ལྔ་དམ་འཛིན་བྱེད་དགོས། དང་པོ། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་སླར་གསོ་བྱས་ནས་བཟང་ཕྱོགས་སུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས། ནང་མཁོའི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། དངུལ་གཏོང་གི་ནང་མཁོ་རྒྱ་བསྐྱེད་པའི་ཐད་ཀྱི་འདེགས་སྐྱོར་ནུས་པ་ཇེ་དྲག་ཏུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ། འཛད་སྤྱོད་ཀྱི་སྦས་ཤུགས་ཕྱིར་འདོན་གང་ལེགས་བྱེད་པ། ནོར་སྲིད་ཀྱི་སྲིད་ཇུས་བཟང་བོ་ལག་བསྟར་ནན་མོ་བྱས་ཏེ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ཐད་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་པ། རིགས་མི་འདྲ་བའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་འཁོར་རྒྱུག་མཐའ་མཚམས་མེད་པར་བྱེད་པ་དང་ཚོང་རའི་གཙོ་གཞིའི་གསོན་ཤུགས་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་སོགས་རིམ་པ་ཟབ་པའི་སྒྲིག་གཞི་རྐྱེན་སྲོལ་གྱི་གེགས་རྐྱེན་མེད་པར་བཟོ་བར་དམིགས་ནས། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ནུས་ཁུངས་གསར་པ། རྒྱུ་ཆས་གསར་པ་སོགས་མཚོ་སྔོན་རྟགས་ཅན་གྱི་དགེ་མཚན་ཐོན་རྫས་མྱུར་དུ་ཕྱིར་གཏོང་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དེ། སྟོབས་ཤུགས་ཡོད་རྒུས་ཕྱི་འཚོང་བརྟན་འཇགས་སུ་གཏོང་བ་དང་ཕྱི་ཕྱོགས་དངུལ་གཏོང་བརྟན་འཇགས་སུ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་དགོས། གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རིགས་མི་འདྲ་བའི་ཁེ་ལས་སྣ་ཚོགས་ལ་ལྟ་སྟངས་གཅིག་འདྲ་འཛིན་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། སྐོར་ཐེངས་གསར་པའི་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། རྣམ་པ་གསར་པའི་མཛའ་བརྩེ་དག་གཙང་གི་སྲིད་ཚོང་འབྲེལ་བ་ཕྱོགས་ཡོངས་ནས་བཙུགས་ཏེ། དཔལ་འབྱོར་ཇེ་བརྟན་དུ་གཏོང་བའི་བྱེད་ཐབས་སྡེབས་གཅིག་དང་རྗེས་མཐུད་སྲིད་ཇུས་བྱེད་ཐབས་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་དགོས། ཉེན་ཁ་འགོག་སྲུང་དང་ཐག་གཅོད་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ས་གནས་སྲིད་གཞུང་གི་ལྐོག་གྱུར་བུ་ལོན་ཉེན་ཁ་དང་གཙོ་གནད་དངུལ་རྩའི་ཉེན་ཁ་དང་གཙོ་གནད་ཁེ་ལས་ཀྱི་བུ་ལོན་ཉེན་ཁ་བཀག་འགོག་ནན་སེལ་བྱེད་པ། ས་ཁང་བདག་ཁོངས་ཚོང་ར་བརྟན་བརླིང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ལག་བསྟར་ནན་མོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་གཏན་ཁེལ་གསལ་བོ་བྱས་ནས། དཔལ་འབྱོར་སླར་གསོ་དང་བཟང་ཕྱོགས་སུ་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་དགོས། གཉིས་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་པའི་སྟེང་ལངས་གནས་མཐོན་པོ་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས་དང་བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་མ་ལག་གཙོ་བོ་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་བཟོ་སྐྲུན་ཆེན་པོ་ནན་ཏན་སྒོས་ལག་བསྟར་བྱེད་པ། ཆུ་ཁུངས་བསྐྱིལ་གསོག་གི་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བ། ཆུ་བོའི་རྒྱལ་ཁབ་དཔྱད་ཞིབ་བཤགས་ངོས་ཀྱི་ཕུལ་བྱུང་ཆུ་སྤུས་བརྒྱ་ཆའི་བརྒྱ་ཡིན་པའི་ཞིང་ཆེན་གཅིག་པུའི་མཚན་སྙན་ཁྱད་པར་ཅན་སྲ་བརྟན་དུ་བཏང་སྟེ། ཆུ་བོའི་འབབ་རྒྱུན་མི་ཆད་པར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་པའི་ཐད་ནས་མདུན་གྲས་སུ་བསྐྱོད་པའི་སྟེང་ཚད་གཞི་མཐོན་པོ་འཛུགས་པ་ད་ང། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱང་སྲུང་སྐྱོབ་ས་ཆའི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་སྒྲིག་བཟོ་བྱེད་པར་མ་ཟད་ལག་བསྟར་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་རྒྱུན་མཐུད་ངང་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་ནས། རྒྱལ་ཁབ་སྤྱི་གླིང་གི་མིང་བྱང་སྔར་ལས་མཚན་སྙན་ལྡན་པར་བྱེད་དགོས། ཐཱན་རྩེར་སོན་ཕྱོགས་ནས་སྔོན་དུ་ཚོད་ལྟ་བྱེད་པའི་སྟེང་མགོ་ཚུགས་ས་མཐོན་པོ་ཡོད་པར་བྱེད་པ་དང་། དཔལ་འབྱོར་འཕར་སྣོན་ཐད་ནས་ཐཱན་དམའ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཐཱན་འདུས་སྒྱུར་སྤོར་ནུས་པ་མཐོར་འདེགས་སུ་གཏོང་བ། སྐྱེ་ཁམས་ཐཱན་འདུས་ཀྱི་རིན་ཐང་བསྒྱུར་བའི་ཐབས་ལམ་རྒྱ་བསྐྱེད་དེ། རྒྱལ་ཁབ་ཀྱི་ཐཱན་གཉིས་དམིགས་འབེན་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། མུ་རིའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་རྒྱལ་ཁའི་ངང་མཇུག་བསྡུ་བའི་ཐད་ནས་སྤུས་ཚད་མཐོན་པོ་ཡོང་བར་འགན་སྲུང་བྱེད་པ་དང་། མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྒྱལ་ཁའི་ངང་མཇུག་བསྡུ་བར་སྐུལ་འདེད་གཏོང་བ། དུས་ནམ་ཡང་མུ་རིའི་གཏེར་ཁུལ་གྱི་ཁྲིམས་འགལ་རྡོ་སོལ་སྔོག་འདོན་གནད་དོན་དེ་མེ་ལོང་དུ་འཛིན་པ་དང་། ཉེན་བརྡ་ཡུན་རིང་བཏང་སྟེ། ལངས་གནས་མཐོ་བ་དང་ཚད་གཞི་མཐོ་བ། མགོ་ཚུགས་ས་མཐོ་བ། སྤུས་ཚད་མཐོ་བའི་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ་པ། སྤུས་ཚད་མཐོ་བའི་ངང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་དགོས། སྤུས་ཚད་མཐོ་བའི་ངང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ཚྭ་མཚོའི་སྡེ་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཚྭ་མཚོའི་ཐོན་ལས་ཐེབས་རྩ་མྱུར་དུ་འཛུགས་པ། ཚྭ་མཚོའི་ཐོན་ཁུངས་ལྗང་མདོག་རིན་མཐོའི་སྒོ་ནས་བེད་སྤྱོད་བྱེད་པའི་རྒྱལ་ཡོངས་གཙོ་གནད་ཚོད་ལྟའི་ཁང་ལ་ཆོག་མཆན་ཐོབ་པར་བརྩོན་ལེན་བྱས་ནས། ཅཱ་ལུད་ནུས་སྤེལ་འགུལ་སྐྱོད་བཟང་བོར་སྤེལ་དགོས། རྒྱལ་ཁབ་ནུས་ཁུངས་ཁྲོད་ཀྱི་མཚོ་སྔོན་གྱི་གོ་གནས་མཐོར་འདེགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དག་གཙང་ནུས་ཁུངས་ཀྱི་གསར་སྤེལ་གཞི་ཁྱོན་དང་སྤྱིའི་གྲུབ་ཚུལ། གསར་སྤེལ་དུས་ཚོད། གཙོ་གནད་ཁུལ་ཁོངས་བཅས་ལ་འཆར་འགོད་བྱེད་པ། རྟེན་གཞིའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་གློག་དྲའི་ཞན་ཆ་ཁ་གསབ་བྱེད་པ། ལེགས་སྒྲིག་གསོག་ཉར་ཐད་ཀྱི་གེགས་རྐྱེན་ཐོད་བརྒལ་བྱེད་པ། གློག་ནུས་བརྗེ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ལོངས་སྤྱོད་དང་ཤོང་ཆུད་ནུས་པ་མཐོར་འདེགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་ནུས་ཁུངས་འཕེལ་རྒྱས་དང་བདེ་འཇགས་འགན་སྲུང་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་གཏིང་ཟབ་ཏུ་བྱེད་པ་དང་། སྤུས་ལེགས་གནས་སྐོར་ཐོན་རྫས་དང་ཞབས་ཞུའི་མཁོ་འདོན་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དུས་ཚིགས་ཡོངས་ཀྱི་གནས་སྐོར་བྱ་བ་བཟང་བོར་སྒྲུབ་ནས། རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་ལ་སྲུང་སྐྱོང་བྱེད་དགོས། ཧུར་ཐག་གིས་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ཚད་གཞི་ཅན་དང་ལྗང་མདོག་ཅན་གྱི་ཐོན་སྐྱེད་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་ལས་འདུ་ཚོགས་འཛུགས་སྐྲུན་བྱེད་པ། སྣ་ཅང་ཅན་གྱི་ཞིང་ཕྱུགས་ཐོན་རྫས་མཁོ་འདོན་མ་ལག་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་ཀྱི་ནུས་ཚོད་ལ་རྐང་བཙུགས་ནས། གསར་གཏོད་ཀྱི་སྣེ་ཁྲིད་དང་སྤུས་ཚད་མཐོ་བའི་མཁོ་འདོན་གྱིས་གནས་བཞིའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་དགོས། བཞི་པ། སློབ་གསོ་ཚན་རྩལ་འཇོན་མིའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་དགོས། སློབ་གསོ་གཙོར་འཛིན་པའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོ་འདྲ་མཉམ་ལ་རྒྱུན་མ་ཆད་པར་སྐུལ་འདེད་གཏོང་བ། སློབ་གསོའི་སྤྱི་ཐུན་ཞབས་ཞུ་སྤུས་ཚད་མཐོར་འདེགས་སུ་གཏོང་བ། མཐོ་རིམ་སློབ་གྲྭའི་བསླབ་ཚན་ཆེད་ལས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མཐོ་རིམ་སློབ་གསོའི་ནང་དོན་རྒྱ་བསྐྱེད་པ་དང་ལས་རིགས་སློབ་གསོའི་ལེགས་སྐྲུན་སྤུས་འདེགས་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་དངོས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། ཚན་རྩལ་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཐོན་ཁུངས་དང་ནུས་ཁུངས། མཐོ་སྒང་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་གཏོར་ལ་ཤུགས་སྣོན་དགོས། འཇོན་མིའི་ཞིང་ཆེན་སྟོབས་ལྡན་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཏང་གི་འཇོན་མིའི་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ། ཁུ་ནུའི་འཇོན་མིའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བཟང་བོ་བྱེད་པ། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་རྫོང་གི་སྨན་བཅོས་དང་སློབ་གསོ་འཇོན་མིར་རོགས་སྐྱོར་བྱེད་པའི་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་བྱ་བ་བཟང་བོར་སྒྲུབ་པར་གཅིག་འདོམས་བྱེད་པ། འཇོན་མིའི་འཕེལ་རྒྱས་ཀྱི་སྒྲིག་གཞི་རྐྱེན་སྲོལ་ཕྱོགས་བསྡུས་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། སློབ་གསོས་འཇོན་མིར་འདེགས་སྐྱོར་བྱེད་པ་དང་འཇོན་མིས་གསར་གཏོད་ལ་འདེགས་སྐྱོར་བྱེད་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་འདེགས་སྐྱོར་སྣེ་ཁྲིད་བྱེད་པའི་རྣམ་པ་བཟང་བོ་གྲུབ་པར་བྱེད་དགོས། ལྔ་པ། དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་འཇགས་སུ་གཏོང་བ་དང་རྒྱ་བསྐྱེད་པ་དང་། ཧུར་ཐག་གིས་མང་ཚོགས་ལས་ཞུགས་བཟང་བོ་བྱེད་ཐུབ་པར་བྱེད་པ། གཞི་ཁྱོན་རང་བཞིན་གྱི་ལས་ཤོར་སྣང་ཚུལ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་སྤྱི་ཡོངས་ནས་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། དངོས་གོང་འཁོར་རྒྱུག་གི་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ་དང་། འཕྲལ་བསྟུན་འགན་སྲུང་དྲ་རྒྱའི་མ་ལག་འཛུགས་པ། ཚོང་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཚལ་སླེ་ཐོན་ལས་བརྟན་འཇགས་ངང་མཁོ་འདོན་བྱེད་པར་ཁག་ཐེག་བྱེད་དགོས། གྲོང་གསེབ་དར་སྤེལ་གཙོ་གནད་དུ་བྱས་པའི་ཞིང་གསུམ་བྱ་བ་དམ་འཛིན་བྱེད་པ་དང་། ཐོན་ལས་དང་འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཀྱི་དར་སྤེལ་ལྔ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྒོས་སྦྲེལ་མཐུད་བྱས་ནས། བབ་སྡོད་ལས་བརྩོན་གྱི་བདེ་འཇགས་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱེད་དགོས། རིམས་ནད་འགོག་སྡོམ་བྱ་བ་རྒྱུན་མཐུད་ངང་བཟང་བོར་སྒྲུབ་པ་དང་། བྱ་བའི་གཙོ་གནད་དེ་འགོས་མཆེད་ལ་བཀག་འགོག་བྱེད་པ་ནས་བདེ་ཐང་ལ་འགན་སྲུང་བྱེད་པ་དང་ནད་ལྕི་མོ་འགོག་བཅོས་བྱེད་པའི་སྟེང་བསྒྱུར་བ། སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཁག་ཐེག་བྱེད་པ་དང་། སྤྱི་ཚོགས་སྒྲིག་ལམ་བརྟན་འཇགས་ཡོང་པར་ཁག་ཐེག་བྱས་ནས། མཉམ་དུ་ཕྱུག་པོར་བསྒྱུར་བའི་ཕྱོགས་སུ་བརྟན་བརླིང་ངང་བསྐྱོད་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོའི་བྱ་བ་བཟང་བོར་སྒྲུབ་པའི་གནད་འགག་ནི་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་རྒྱུ་དེ་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རང་འགན་གཙང་སྒྲུབ་དང་ཁག་ཁུར་ལས་བརྩོན་བྱེད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པར་བྱས་ཏེ། དུས་ནམ་ཡང་ཆབ་སྲིད་འཛུགས་སྐྱོང་དེ་གོ་གནས་དང་བོར་འཇོག་པ་དང་། དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཆབ་སྲིད་ཆ་རྐྱེན་གལ་ཆེན་དང་ཆབ་སྲིད་ལས་འགན། ཆབ་སྲིད་སྒྲིག་ཁྲིམས་བཅས་སུ་བརྩི་དགོས། གཞུང་ལུགས་སློབ་སྦྱོང་དམ་འཛིན་བཟང་བོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བསྟུད་མར་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཟབ་མོ་བྱས་ཏེ། སློབ་སྦྱོང་ཆེན་པོས་ནུས་ཤུགས་མཐོར་འདེགས་ཆེན་པོ་གཏོང་བར་ཡར་སྐུལ་བྱེད་པ་དང་། རྟོག་དཔྱོད་ཆེན་པོས་སྤྱོད་ཚུལ་སྒྱུར་བཅོས་ཆེན་པོ་བྱེད་པར་སྐུལ་འདེད་གཏོང་བ། ལག་ལེན་ཆེན་པོས་ལས་དོན་འཕེལ་རྒྱས་ཆེན་པོ་འབྱུང་བ་མངོན་འགྱུར་བྱེད་པ་བཅས་བྱེད་དགོས། དངོས་འཛིན་བདེན་སྒྲུབ་རྒྱུན་འཁྱོངས་བྱས་ཏེ། “ངས་མི་སྒྲུབ་སུས་སྒྲུབ”ཅེས་པའི་འགན་འཁྲིའི་འདུ་ཤེས་དང་། “དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི”དགོས་གཏུགས་འདུ་ཤེས་བཅངས་ནས། རྙོག་དྲའི་དོན་དག་མང་ཙམ་ཐག་གཅོད་པ་དང་། དུས་རྒྱུན་བྲེལ་འཚུབ་གྱིས་བྱ་བ་སྒྲུབ་སྟེ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ལག་ལེན་གྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་ཧུར་ཐག་གིས་བསྐྲུན་དགོས། དོན་འཁྱོལ་ལ་སྐུལ་འདེད་བྱེད་པར་ཤུགས་སྣོན་པ་དང་། ཆབ་སྲིད་ལྟ་སྐུལ་འབུར་དུ་ཐོན་པར་བྱས་ཏེ། དོན་འཁྱོལ་འཛིན་པའི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་བཟང་བོར་བཏོན་ནས། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། མཐུན་སྒྲིལ་འབད་འཐབ་ལྷོད་མེད་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་དང་བསམ་བློ་མཉམ་དུ་གཏོང་བ་དང་། བྱ་བ་མཉམ་དུ་སྒྲུབ་སྟེ། ཏང་གི་དར་ཆའི་འོག་ཏུ“སྲ་མཁྲེགས་ཀྱི་རྣོ་ལྕགས”ལྟ་བུར་མཐུན་སྒྲིལ་བྱས་ནས། སེམས་ཤུགས་གཅིག་མཐུན་གྱིས་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྡུད་དགོས།
ཚང་འཛོམས་གྲོས་ཚོགས་སྟེང་། ད་ལོའི་དམིགས་འབེན་དང་ལས་འགན་ལ་དམ་དུ་དམིགས་ཏེ། མཐུན་སྒྲིལ་འབད་འཐབ་བྱེད་རྒྱུ་གདམས་ངག་ཏུ་བཟུང་ནས། ལས་བྱེད་པས་བྱེད་ཕོད་པ་དང་ས་གནས་ཀྱིས་མཆོང་ཕོད་པ། ཁེ་ལས་ཀྱིས་སྒྲུབ་ཕོད་པ། མང་ཚོགས་ཀྱིས་གསར་སྐྲུན་བྱེད་ཕོད་པ་བཅས་བྱེད་པར་ཤུགས་གནད་དུ་བཏོན་ནས། ལག་ལེན་དུ་བསྟར་བ་དང་ཕན་འབྲས་ཐོན་པར་བྱེད་དགོས། ལས་བྱེད་པས་བྱེད་ཕོད་དགོས་ན། ཡིད་ཆེས་དང་ཆོད་སེམས་སྔར་ལས་བརྟན་པར་བྱེད་པ་དང་། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱས་ཏེ། འཕེལ་རྒྱས་ལ་སྐུལ་བའི་འགན་ནུས་འགན་འཁྲི་མཐའ་གཅིག་ཏུ་ལག་བསྟར་བཟང་བོ་བྱས་ནས། དངོས་འཛིན་བདེན་སྒྲུབ་ཀྱིས་ལས་དོན་གོང་སྤེལ་གྱི་གྲུབ་འབྲས་གསར་པ་བསྐྲུན་དགོས། ས་གནས་ཀྱིས་མཆོང་ཕོད་དགོས་ན། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་ནས། བྱེད་ཐབས་སྔར་ལས་རྣལ་མ་དང་ནུས་ཤུགས་སྔར་ལས་ཆེན་པོས་གནད་འགག་འཛིན་པ་དང་། གཙོ་གནད་ལ་འཇུག་པ། དཀའ་གནད་ལས་སྒྲོལ་བ་བཅས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་མགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས། ཁེ་ལས་ཀྱིས་མཆོང་ཕོད་དགོས་ན། “གཡོ་འགུལ་མི་གཏོང་བ་གཉིས”་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ཕན་ནུས་ཅན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་གཉིས་ཟུང་འབྲེལ་སྔར་ལས་བཟང་བོ་བྱེད་པར་སྐུལ་འདེད་བཏང་ནས། ཁྲོམ་རའི་གཙོ་གཞི་སྣ་ཚོགས་ལ་ཁྲོམ་ར་ཆེན་པོའི་ཁྲོད་དུ་གསོན་ཤུགས་ཀྱིས་ཁེངས་པ་དང་གཅིག་ལ་གཅིག་འགྲན་གྱིས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱིས་གསར་སྐྲུན་བྱེད་ཕོད་དགོས་ན། མི་དམངས་ནི་ལོ་རྒྱུས་ཀྱི་གསར་གཏོད་པ་དང་ངེས་དོན་གྱི་དཔའ་བོ་ཡིན་སེམས་ལ་བརྟན་པོར་བཅངས་ནས། ལྷག་བསམ་རྣམ་དག་གིས་སྲིད་དོན་དམངས་ལ་འདྲི་བ་དང་། ཁ་ཞེ་གཉིས་མེད་ཀྱིས་དགོས་མཁོ་དམངས་ལ་འདྲི་བ། ཁེངས་སྐྱུང་ཆེན་པོས་ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྡུད་དགོས།
ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བས། དུས་ཆེན་སྐབས་ཀྱི་བྱ་བ་ཁག་སོ་སོ་ཡག་པོར་བསྒྲུབ་ནས། རིགས་སོ་སོའི་མང་ཚོགས་ལ་བདེ་ཞིང་སྐྱིད་པའི་ལོ་སར་ཞིག་རོལ་ཏུ་འཇུག་རྒྱུ་ཧ་ཅང་གལ་ཆེ། རིམས་ནད་འགོག་སྡོམ་གྱི་ལེགས་སྒྱུར་བྱེད་ཐབས་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་ལེགས་པོ་བྱེད་པ་དང་། ཞིང་པ་ཞོར་ལས་པར་གླ་ཕོགས་སྟེར་བར་སེམས་ཁུར་དང་དོ་སྣང་བྱེད་པ། འགལ་ཟླ་དང་རྩོད་གླེང་ཞིབ་བཤེར་ཐག་གཅོད་བྱ་བ་ནན་ཏན་སྒོས་སྤེལ་བ། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་དང་ལོ་སར་དུས་ཀྱི་འགྲིམ་འགྲུལ་དང་། ཟས་རིགས་དང་སྨན་རྫས་སོགས་ཀྱི་བདེ་འཇགས་བྱ་བ་ལེགས་པོར་སྒྲུབ་པ། གནོད་འགོག་གནོད་སེལ་གནོད་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པ། ལུགས་རྙིང་ལོ་སར་དུས་ཀྱི་འབྲེལ་ཡོད་རིག་གནས་བྱ་འགུལ་ལ་གོ་རིམ་ཡོད་པའི་སྒོ་ནས་རྩ་འཛུགས་བྱེད་པ་བཅས་བྱས་ཏེ། རིགས་སོ་སོའི་མང་ཚོགས་རྣམས་བདེ་འཇགས་བརྟན་འཇགས་དང་སེམས་བདེ་མོའི་ངང་ལོ་སར་རོལ་ཏུ་འཇུག་དགོས།
ཚང་འཛོམས་གྲོས་ཚོགས་སྟེང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དངོས་འབེབས་བྱས་པའི་འགན་འཁྲིའི་ལམ་ལུགས་ཀྱི་གནས་ཚུལ་ལ་ཚད་ལེན་གདེང་འཇོག་དང་། ཉིས་སྟོང་ཉེར་གཉིས་ལོའི་ཁུལ་དང་གྲོང་ཁྱེར་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཆུང་དང་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་བྱས་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ལས་བྱེད་པ་འདེམ་སྒུག་བསྐོ་འཐེན་བྱ་བ་དང་ཉིས་སྟོང་ཉེར་གཉིས་ལོར་འདེམ་སྒུག་བསྐོ་འཐེན་བྱས་པའི་ལས་འགན་གཙོ་བོ་ཁུར་བའི་མགོ་ཁྲིད་ལས་བྱེད་པར་དམངས་གཙོའི་གྲོས་སྡུར་བྱས།
ཚང་འཛོམས་གྲོས་ཚོགས་སྟེང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བྱེད་པདང་། སྤོབས་པ་སྔར་ལས་ཆེན་པོས་ཁག་ཁུར་གསར་པ་མངོན་པ་དང་། བྱེད་ཕྱོགས་གསར་པ་མངོན་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་མགོ་བཟང་པོ་ཞིག་རྩོམ་པ་དང་གོམ་པ་ཡག་པོ་ཞིག་སྤོ་དགོས་པའི་འབོད་སྐུལ་བཏང་།
ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཁོངས་མི་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་སྡེ་ཁག་སོ་སོ། ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་བཅས་ཀྱི་ཏང་ཨུ་དང་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། རང་ཞིང་གི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་ཁ་ཤས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞུགས་པའི་འཐུས་མི་ཁ་ཤས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ཁ་ཤས་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
ཕྱུག་ལོ་དང་། བཀྲ་ཤིས་འབུམ། རིན་ཆེན་མཚོ། ལྷ་མོ་ཚེ་རིང་། རིག་འཛིན་སྒྲོལ་མ། མི་ཕམ་མགོན་པོ་བཅས་ཀྱིས་བསྒྱུར།