རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚེས་བཅུ་ཉིན་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། དམངས་ཆེན་བྱ་བའི་དོན་དངོས་དང་སྦྲེལ་ནས། ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་གིས་ཡུན་རིང་བོར་སྲིད་སྐྱོང་བ་དང་། རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་ཡོང་བ། མི་དམངས་བདེ་སྐྱིད་བདེ་ཐང་ཡོང་བ་བཅས་ཀྱི་མཐོ་ཚད་དུ་འགྲེངས་ནས། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བར་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་ཡོད་ལ། གཙོ་བོ་ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་གནད་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་གཏོང་བ། སྒྲིག་ཁྲིམས་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ། དུས་ཡུན་སྐར་ཆ་ཙམ་ཡང་མཚམས་མི་འཇོག་པར་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་སྤེལ་བ་སོགས་ཀྱི་བླང་བྱ་གསལ་བོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་འཐབ་ཇུས་དགོངས་པ་དེ་དམངས་ཆེན་ཏང་གི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོར་འདྲེས་པར་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ལས་འགན་ལག་བསྟར་བྱེད་རྒྱུ་དེ་ཆེས་རྩ་བའི་ཆབ་སྲིད་ཁག་ཁུར་དུ་བརྩིས་ནས། སྤྱོད་བསྲིང་སྒྲིག་དམ་དང་རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་ལྷོད་གཡེང་མེད་པར་དམ་དུ་བཟུང་སྟེ། དམངས་ཆེན་ཏང་འཛུགས་བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གིས་དམངས་ཆེན་བྱ་བ་ཕྱོགས་ཡོངས་ནས་མགོ་ཁྲིད་པ་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། དུས་ནམ་ཞིག་དང་གནས་ཚུལ་ཅི་འདྲའི་འོག་ཏུའང་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ཅེས་པའི་ཆེས་མཐོའི་ཆབ་སྲིད་རྩ་དོན་འདི་རྒྱུན་འཁྱོངས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ། རང་རྟོགས་ཀྱིས་དམངས་ཆེན་བྱ་བ་དེ་ཏང་ཀྲུང་དབྱང་གི་བྱ་བའི་ཁྱོན་ཡོངས་ཀྱི་ཁྲོད་དུ་བཞག་སྟེ་བསམ་གཞིགས་གཏོང་བ་དང་བཀོད་སྒྲིག་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པའི་ཐད་མུ་མཐུད་དུ་འབད་བརྩོན་བྱེད་པ་དང་། དོན་དངོས་དང་སྦྲེལ་ནས་གསར་གཏོད་རང་བཞིན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་འབད་བརྩོན་བྱས་ཏེ། དེའི་ནང་དུ་འདུ་བའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཟབ་མོར་ཆུད་པར་བྱེད་པ་དང་། དེའི་ནང་དུ་འདྲེས་པའི་ལངས་ཕྱོགས་དང་ལྟ་བ། ཐབས་ཤེས་བཅས་རང་རྟོགས་ཀྱིས་བཀོལ་ནས། ཏང་གི་ཚན་རིག་གཞུང་ལུགས་དེ་དངོས་སུ་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་ཏེ། དམངས་ཆེན་གྱི་ལམ་ལུགས་གཞུང་ལུགས་དང་ལག་ལེན་རྒྱུན་མ་ཆད་པར་གོང་དུ་སྤེལ་དགོས།
གྲོས་ཚོགས་སྟེང་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དམངས་ཆེན་གྱི་ལྟ་སྐུལ་བྱ་བར་ཤུགས་བསྣན་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། རྩ་ཁྲིམས་དང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ནུས་ལྡན་སྒོས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། སྲིད་འཛིན་དབང་ཆ་དང་ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཡང་དག་པར་བཀོལ་བར་ཁག་ཐེག་བྱེད་དགོས་ལ། མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོང་དང་དེ་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས། སྤྱོད་བསྲིང་སྒྲིག་དམ་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་བསྟུད་མར་ཧུར་ཐག་གིས་སྤེལ་ནས། དུས་ནམ་ཡང་ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་གནད་ཐག་གཅོད་པའི་རིགས་ལམ་གསལ་བོ་དང་བློ་རྩ་བརྟན་པོ་སྲུང་འཛིན་བྱེད་པ་དང་། དུས་ནམ་ཡང་ལམ་དུ་ཡོད་པའི་བརྩོན་སེམས་དང་སྡུག་རུས་སྲུང་འཛིན་བྱས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། དུས་རབས་གསར་པའི་ཏང་གི་རླབས་ཆེན་རང་ངོས་གསར་བརྗེ་མཐའ་འཁྱོངས་བྱེད་དགོས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཝང་ཁྲིན་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཁོངས་མི་ཀྲང་ཁྲུན་ཞན་དང་ཧྲིན་ཡུའེ་ཡུའེ། ཅི་པེན་ཞོན། ཨེ་ལེ་ཀུན་དབྱི་མེན་པ་ཧེ། ཝང་ཏུང་མེན། པད་མ་འཕྲིན་ལས། དབྱང་ཀྲིན་ཝུའུ་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།