རྒྱལ་ཡོངས་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྲིད་གྲོས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ལག་བསྟར་གྱི་བྱེད་ཐབས་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་མགོ་རྩོམ་པའི་ལོར་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས། སྐྱོད་ལམ་གསར་བའི་སྟེང་བློ་བརྟན་འགྱུར་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། ཏང་གི་རླབས་ཆེ་བའི་རང་ངོས་གསར་བརྗེ་གཏིང་ཟབ་ཏུ་བྱེད་པའི་འབོད་སྐུལ་བསྒྲགས་ལ། ཆབ་སྲིད་རང་བཞིན་དང་མཛུབ་ཁྲིད་རང་བཞིན། ཁ་གཏད་རང་བཞིན་དྲག་པོ་ལྡན་པ་དང་། དེ་ནི་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་གཏིང་ཟབ་ཏུ་སྤེལ་བའི་རྩ་བའི་གཞི་འཛིན་ས་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་སྤེལ་དང་ཏང་སྟོབས་ལྡན་དུ་བསྒྱུར་བའི་རྩ་གནད་རང་བཞིན་གྱི་ཡིག་ཚགས་ཡིན་པར་སྙམ།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། དུས་རབས་གསར་བའི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། དུས་ནམ་ཡང་ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་གནད་ཐག་གཅོད་པའི་རིག་པ་གསལ་བོ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་ཏང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་སྔར་ལས་ཟབ་མོ་བྱས་ཏེ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་བློ་རྩ་སྔར་ལས་ཇེ་བརྟན་དུ་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་ཏང་ཀྲུང་དབྱང་གི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཏང་གི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་རང་སྟེང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། ཤུགས་འདོན་ས་བཙལ་ནས། ཏང་ཀྲུང་དབྱང་གི་རེ་བ་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་རང་རྟོགས་འགུལ་སྐྱོད་དུ་བསྒྱུར་དགོས། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་སྡེ་གཉིས་ལ་དོ་དམ་བཟང་བོ་བྱེད་པ་དང་། སྒྲིག་ལམ་གྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། སྤྱོད་གཙང་སྲོལ་བཟང་ལ་ཁག་ཐེག་བྱེད་དགོས། ཏང་ཙུའུ་ཡིས་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ངེས་པར་དུ་གསུམ་ཡིད་ལ་དམ་པོར་འཛིན་པ། སྣེ་ཁྲིད་དེ་ཏང་གི་སྒྲིག་ཡིག་བརྩི་སྲུང་དང་སྲུང་སྐྱོང་བྱེད་པ་དང་། སྣེ་ཁྲིད་དེ་ཏང་གཤིས་གོ་རྟོགས་མཐོར་འདེགས་སུ་གཏོང་བ། སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་ནས། རུལ་སུངས་ལ་རྒོལ་བ་དང་འགྱུར་ལྡོག་བཀག་འགོག་བྱེད་པའི་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས།