ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.01.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ཟླ་དང་པོའི་ཚེས་གསུམ་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། རིམས་ནད་འགོག་སྡོམ་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིགས་འདོམས་བྱེད་པ་དང་། དུས་ཆེན་སྐབས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱིས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་རོལ་བར་ཁག་ཐེག་བྱེད་དགོས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་བྱེད་པ་དང་གནད་ཕིགས་ཇུས་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་སྡོམ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས། དཀའ་ཁག་ཅན་གྱི་མང་ཚོགས་དང་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་ཧ་ཅང་གཅེས་སྤྲས་བྱེད་པ། ཧ་ཅང་ཐུགས་ཁུར་བྱེད་པ་དང་། ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་འཇོག་གནད་དོན་ལ་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བ། དམངས་ཚིས་ཚོང་རྫས་གལ་ཆེན་དང་སྨན་བཅོས་དངོས་ཟོག ནུས་ཁུངས་སོགས་མཁོ་འདོན་ལ་འགན་སྲུང་དང་དངོས་གོང་བརྟན་འཇགས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་ནས། མང་ཚོགས་ཀྱིས་བདེ་འཇགས་དང་དྲོད་ཁོལ་ལྡན་པའི་དགུན་ཁ་ཞིག་རོལ་བར་ཁག་ཐེག་བྱེད་དགོས། མང་ཚོགས་ཀྱི་དུས་ཆེན་སྐབས་ཀྱི་དངོས་པོ་དང་རིག་གནས་ཐད་ཀྱི་དགོས་མཁོ་སྐོང་བ་དང་། མི་དམངས་མང་ཚོགས་ཀྱི་དུས་ཆེན་སྐབས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྐྱོང་བརྟན་བརླིང་ངང་སྤེལ་བ་དང་། མང་ཚོགས་ཀྱི་ཕྱིར་བགྲོད་འགན་སྲུང་བཟང་བོར་བསྒྲུབ་པ། འགལ་རྩོད་དང་ཉེན་ཁ་རྟོག་སེལ་དང་ཐག་གཅོད་བྱེད་པ། གཙོ་གནད་ཡུལ་གནས་ཀྱི་བདེ་འཇགས་འགོག་སྲུང་ལ་ཤུགས་བསྣན་ནས། བདེ་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། སྲོལ་ངན་བཞི་ཡོ་བསྲང་བྱེད་པ་དང་དར་སྲོལ་གསར་བ་འཛུགས་པའི་ཐད་ཤུགས་འདོན་པ་དང་། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པ། ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་དར་སྲོལ་བཟང་བོ་དར་སྤེལ་བཏང་སྟེ། གྲོན་ཆུང་དཔལ་ཡོན་སྒོས་དུས་ཆེན་ལ་རོལ་དགོས།

ཚོགས་ཐོག་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་གྱི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2022ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2023ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་མ་ཡིག་བཅས་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ནི། སྲིད་གཞུང་གི་ཁྲིམས་བཀོད་འགན་འཁྲི་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་རྣམ་པ་གལ་ཆེན་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས། དམངས་གཙོ་ཏང་ཁག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་མི་སྣ། ཚན་རིག་སློབ་གསོ་དང་རིག་གནས་འཕྲོད་བསྟེན་ལས་རིགས་ཀྱི་མི་སྣ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས་ནས། མི་དམངས་ཀྱི་རིག་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་མི་དམངས་ཀྱི་འདོད་བློ་མཚོན་པ། མི་དམངས་ཀྱི་གནས་ཚུལ་མཚོན་པ། མི་སེམས་གཅིག་ཏུ་བསྡུ་བའི་སྙན་ཞུ་བཟང་བོ་ཞིག་འབྲི་དགོས།

ཚོགས་ཐོག་ནས2022ལོའི་དམངས་ཚིས་དོན་དངོས་བཟོ་སྐྲུན་ཡོངས་འགྲུབ་གནས་ཚུལ་དང2023ལོའི་གྲོས་གཞི་བཀོད་སྒྲིག་གི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམངས་ཚིས་དོན་དངོས་བཟང་བོར་བསྒྲུབ་པ་ནི། དམངས་ཚིས་བྱ་བར་འགན་སྲུང་དང་ལེགས་སྒྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་འདུ་ཤེས་བརྟན་པོར་འཛུགས་པ་དང་། སྤུས་ཚད་མཐོ་བའི་ངང་དམངས་ཚིས་དོན་དངོས་བཟོ་སྐྲུན་ལག་བསྟར་བྱེད་པ། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཁོ་ཚོར་ཆེས་ཐད་ཀར་དུ་འབྲེལ་བ་ཡོད་པ། ཁོ་ཚོའི་ཆེས་མངོན་སུམ་གྱི་ཁེ་ཕན་གནད་དོན་ཐག་བཅད་དེ། ཧུར་ཐག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་ཚིས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་དམངས་ཚིས་ཀྱི་དཀའ་གནད་ཐག་གཅོད་པ། དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། ཧུར་ཐག་གིས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་མཐོ་བ་དང་སྐྱིད་སྣང་སྔར་ལས་རྒྱུན་བསྲིང་བ། བདེ་སྣང་ལ་སྔར་ལས་འགན་སྲུང་ཡོད་པར་བྱེད་དགོས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ས་ཡོམ་ཉེན་བརྡའི་དོ་དམ་བྱེད་ཐབས་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།