ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨན་ཀི་ལའི་ཙུང་ཐུང་ལོ་ལུན་སོ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་བཞི་བཅུ་འགོར་བའི་རིང་ལ། ཀྲུང་གོ་དང་ཨན་ཀི་ལ་ཕྱོགས་གཉིས་ཀྱིས་དུས་རྒྱུན་དུ་ལྷག་བསམ་རྣམ་དག་གིས་མཛའ་མཐུན་འགྲོ་འོང་བྱས་པ་དང་ལག་རྡང་མཉམ་སྦྲེལ་གྱིས་མདུན་སྐྱོད་བྱས་ཏེ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས། དེང་སྐབས་ཀྲུང་གོ་དང་ཨན་ཀི་ལའི་འབྲེལ་བ་གོང་འཕེལ་གྱི་གནས་བབ་བཟང་བ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་སུ་ཕན་བཏགས་ཡོད། ངས་ཀྲུང་གོ་དང་ཨན་ཀི་ལའི་འབྲེལ་བ་གོང་དུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་དང་། ཙུང་ཐུང་ལོ་ལུན་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པ་གོ་སྐབས་སུ་བརྩིས་ནས། ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ཇེ་དམ་དུ་གཏོང་བ། དམངས་ཁྲོད་མཛའ་མཐུན་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨན་ཀི་ལའི་འཐབ་ཇུས་རོགས་རེས་འབྲེལ་བ་གོང་འཕེལ་གྱི་རྣམ་པ་གསར་པ་བསྐྲུན་འདོད་ཡོད།
ལོ་ལུན་སོ་ཡིས་བསྟན་དོན། འབྲེལ་བ་བཙུགས་རྗེས། ཨན་ཀི་ལ་དང་ཀྲུང་གོའི་འབྲེལ་བ་བསྟུད་མར་གོང་དུ་འཕེལ་བ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་པས་ཚང་མ་ཡིད་ཚིམས་ཡོད། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱིའི་གནད་དོན་མང་པོའི་སྟེང་གི་ལྟ་ཚུལ་གཅིག་མཐུན་ཡིན། ཨན་ཀི་ལ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཤུགས་སྣོན་པ་དང་། མཉམ་སྤྱོད་མཉམ་རྒྱལ་གྱི་མ་འོངས་པ་བསྐྲུན་ཞིང་། ཐུན་མོང་གོང་འཕེལ་དང་དར་རྒྱས། ཡར་ཐོན་བཅས་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བཟང་བོར་བདེ་སྐྱིད་བསྐྲུན་འདོད་ཡོད།