ཡན་ཨན་གྱི་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།
2023.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། ཡན་ཨན་གྱི་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་ལྟར་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་སྟེ། རྒྱ་ཆེའི་དམག་དམངས་ཀྱི་བློ་རྩ་དང་སྟོབས་ཤུགས་ཏང་གི་དར་ཆའི་འོག་གཅིག་ཏུ་འདུ་བར་བྱས་ནས། དམག་སྲིད་དང་དམག་དམངས་ཀྱི་གོང་བུ་གཅིག་སྒྲིལ་གྱི་ནུས་པ་དང་འབད་འབུངས་ཡར་བརྩོན་གྱི་མཐུན་སྒྲིལ་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཞབས་ཞུའི་སྦྱོང་བརྡར་དང་དམག་འཁྲུག་ལ་གྲ་སྒྲིག་བྱེད་པར་དམ་པོར་དམིགས་ཏེ་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར། དམག་འཁྲུག་གྲ་སྒྲིག་བཅས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་དམག་དཔུང་གི་སྤྱིའི་དགོངས་གཞི་ལག་བསྟར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་པ་དང་དེར་རོགས་སྐྱོར་བྱས་ཏེ། ཏང་དང་མི་དམངས་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས། ཐོག་མཐའ་བར་གསུམ་དུ་དག་སྲུང་གསར་གཏོད་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་དུས་རབས་ཀྱི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཡོངས་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་སུན་ཁྲུན་ལན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲིན་ཡུའེ་ཡུའེ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་པེའོ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།