ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གྱ་གསུམ་པ་པེ་ཅིང་དུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གཏམ་བཤད།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་དེར་སློབ་སྦྱོང་བྱས། ཝང་དབྱང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། དེར་ཁྱོན་ཡོངས་ནས་གོ་བ་ལེན་པ། དེའི་དགོངས་དོན་ཁོང་དུ་ཡང་དག་པར་ཆུད་པར་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་ལས་ཆེ་རུ་གཏོང་བ་དང་། བླང་བྱ་གལ་ཆེན་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ། སྐབས་འདིའི་སྲིད་གྲོས་ཀྱི་མཇུག་བསྡུའི་དུས་རིམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།
ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་གཞི་གཙོ་བོའི་སྒྲུབ་གཉེར་ལྟ་སྒྲུབ་སྐོར་གྱི་སྙན་ཞུར་ཉན། ཝང་དབྱང་གིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པས་གཏན་འཁེལ་བྱས་པའི་གྲོས་གཞི་གཙོ་བོ་དོན་བདུན་གྱི་ཁ་བྱང་དེ་འབྲེལ་ཡོད་གྲོས་གཞི་ཉིས་བརྒྱ་དང་རེ་གཅིག་དང་འབྲེལ་བ་ཡོད་པ་ཚང་མ་སྒྲུབ་ལན་སློག་པ་དང་ཕན་འབྲས་བཟང་པོ་ཐོན་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གཙོ་བོར་ཞབས་འདེགས་ཞུ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཐེངས་འདིའི་སྲིད་གྲོས་ཀྱི་གྲོས་འདོན་ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གྲོས་གཞིའི་སྤུས་ཚད་སྔར་ལས་མཐོ་རུ་གཏོང་བ། གྲོས་གཞི་སྒྲུབ་པའི་ཕན་འབྲས་དངོས་སུ་ཆེ་རུ་གཏོང་བ། སྒྲུབ་སྐུལ་གྲོས་མོལ་ལ་ཤུགས་སྣོན་པ་སོགས་ཐད་ཀྱི་སྐབས་འདིའི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ནུས་ལྡན་ལ་ཆ་ཚང་བའི་སྒོ་ནས་སྤྱི་སྡོམ་བྱས་ཏེ། ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། གྲོས་གཞིའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་བྱ་དགོས།
ཚོགས་ཐོག་ནས་ཨུ་ཡོན་གྱིས་ཁོངས་གཏོགས་ཀྱི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ་ཞེས་པའི་ཞིབ་འཇུག་གྲུབ་འབྲས་ཀྱི་སྙན་ཞུར་ཉན། ཝང་དབྱང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཨུ་ཡོན་གྱིས་ཁོངས་གཏོགས་མང་ཚོགས་དང་འབྲེལ་བ་བྱེད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གྲོས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་འཇུག་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ཞིབ་འཇུག་གྲུབ་འབྲས་ཚུལ་སྒྱུར་བེད་སྤྱོད་ཡག་པོ་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིས་པེན་སོགས་ཀྱིས་འབྲེལ་ཡོད་གྲོས་དོན་བརྒྱུད་བསྒྲགས་དང་གསལ་བཤད་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།