རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས་དགུ་ཉིན། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ལས་དོན་ལ་རྟོག་ཞིབ་བྱས་པ་ལས་གཞན། མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཁྲོམ་ར་གཙོ་བོའི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་གཏིང་ཟབ་བྱེད་པ། བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཁྲོམ་ར་གཙོ་བོའི་གསོན་ཤུགས་བསྐྱེད་པ། ལས་ཞུགས་བརྟན་པོའི་ངང་འཕར་བ་དང་དངོས་གོང་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་པ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་བཅས་བྱེད་དགོས།
ལིས་ཁི་ཆང་གིས་བཤད་རྒྱུར། དེང་སྐབས་དཔལ་འབྱོར་སླར་གསོ་ཐུབ་ཡོད་ནའང་ཁྲོམ་ར་གཙོ་བོ་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་དཀའ་ངལ་ཆེན་པོ་ཡོད་པར་མ་ཟད། གནད་དོན་གསར་པར་ཡང་དངོས་སུ་འཕྲད་ཡོད། སྲིད་ཇུས་ཀྱི་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་ཇེ་བརྟན་དུ་གཏོང་བའི་སྲིད་ཇུས་དང་རྒྱུན་མཐུད་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། ཁྲལ་འཕྲི་རིན་གཅོག་སོགས་ཀྱི་སྲིད་ཇུས་རྒྱུན་མཐུད་བྱ་དགོས་ངེས་རིགས་མུ་མཐུད་དུ་རྒྱུན་མཐུད་ངང་ལེགས་བཅོས་གཏོང་དགོས། སྔོན་ལ་མུ་མཐུད་ལག་བསྟར་བྱ་རྒྱུའི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་འཕར་སྣོན་དཔྱ་ཁྲལ་མེད་པར་གཏོང་རྒྱུ་དང་། ཐོན་སྐྱེད་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་སྣོན་དཔྱ་ཁྲལ་འཕྲི་རྒྱུའི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དགོས། དངུལ་རྩའི་ཡོ་བྱད་ཀྱིས་རྒྱབ་སྐྱོར་བྱེད་པའི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པ་དང་། སྒྲིག་ཆས་གསར་སྒྱུར་དང་སྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་སྟེ་དངོས་རྫས་ཀྱི་ལས་ཚད་ཇེ་མགྱོགས་སུ་གཏོང་བ་དང་། འཚོ་བའི་ཞབས་ཞུའི་འཛད་སྤྱོད་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་བར་བྱེད་དགོས། ཁེ་ལས་ལ་མ་བཅོས་རྒྱུ་ཆ་མཁོ་སྤྲོད་བྱེད་པ་དང་ལས་མི་བཀོལ་སྤྱོད་ཡག་པོ་བྱེད་པ། ཡིད་རྟོན་དངུལ་བུན་སོགས་ཀྱི་དཀའ་ངལ་སེལ་རོགས་བཅས་བྱས་ནས། དུས་ཆེན་གྱི་རྗེས་སུ་མགྱོགས་མྱུར་ངང་བསྐྱར་དུ་ལས་མགོ་རྩོམ་པར་སྐུལ་འདེད་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས”རྒྱུན་འཁྱོངས་བྱེད་པ་དང་། ཁེ་ལས་ཀྱི་རིགས་སོ་སོའི་རྒྱུ་ནོར་བདག་དབང་ལ་ཁྲིམས་མཐུན་ལྟར་སྲུང་སྐྱོབ་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་ཡིད་ཆེས་ཆེར་བསྐྱེད་པ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཅས་བྱེད་དགོས། ལས་སྟེགས་དཔལ་འབྱོར་བདེ་ཐང་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ལས་ཞུགས་དང་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་དང་། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྦྲེལ་མཐུད་བྱེད་པ། གསར་གཏོད་ལ་རོགས་སྐྱོར་སོགས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱེད་དགོས། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གྲུབ་འབྲས་རྒྱ་སྐྱེད་བཏང་སྟེ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་ལས་འཕེལ་བར་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྔར་ལས་གང་ལེགས་བྱས་ནས། ལོ་མགོའི་དཔལ་འབྱོར་ལས་དོན་ཡག་པོར་སྒྲུབ་སྟེ། ད་ལོའི་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོང་བར་འགན་ལེན་བྱེད་དགོས།
ཝང་ཡུང་དང་ཞའོ་ཅེ་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།