ཡུས་ཚུང་ལི་དང་ཝང་ལིས་མེན་གཉིས་ཀྱིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས།
2023.01.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་དང་པོའི་ཚེས་བཅུ་གཉིས་ཉིན།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་རིན་གཞོན་པ་ཡུས་ཚུང་ལི་དང་།  ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གཉིས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་དང་མཚོ་སྔོན་གསོལ་མགྲོན་ཁང་སོགས་སུ་སོང་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་བྱ་བར་ཞིབ་བཤེར་བྱས་པར་མ་ཟད།   ཚོགས་ཆེན་གྲ་སྒྲིག་སྡེ་ཁག་གི་བྱ་བའི་ཚོགས་འདུ་བསྡུས།

ཡུས་ཚང་ལི་དང་ཝང་ལིས་མེན་སོགས་ཀྱིས་རིམས་ནད་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱས་པའི་གནས་ཚུལ་དང་ཚོགས་ར་གཙོ་བོའི་གློག་འོད།   སྒྲ་སྒམ། གློག་འདོན།   ཐག་གཅོད་སྒྲིག་ཆས་སོགས་དང་། དེ་མིན་ཚོགས་རའི་མཐའ་འཁོར་གྱི་མེ་འགོག་མེ་གསོད་དང་བདེ་སྲུང་སྒྲིག་ཆས།   ཟས་སྡོད་བཀོད་སྒྲིག   བརྙན་འཕྲིན་ཐད་གཏོང་སོགས་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ནན་མོ་བྱས་པ་དང་།   ཚོགས་ཆེན་གྱི་གྲ་སྒྲིག་ཚན་ཆུང་སོ་སོའི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།

ཡུས་ཚུང་ལི་དང་ཝང་ལིས་མེན་གཉིས་ཀྱིས་བསྟན་དོན།   མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ།  ལྷག་པར་དུ་ད་ལོ་ནི་སྐབས་བརྗེའི་ལོ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་རྩོམ་པའི་ལོ་ཡིན་པས།    གྲོས་དོན་གལ་ཆེ་ཞིང་དོན་སྙིང་ཆེན་པོ་ལྡན།     ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར།   ཆབ་སྲིད་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་བསམ་བློའི་སྟེང་མཐོང་ཆེན་བྱེད་པ།    འགན་འཁྲིའི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས།   ཞབས་ཞུའི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་སྟེ་གྲ་སྒྲིག་བྱ་བ་སོ་སོ་སྟོབས་ཤུགས་ཡོད་རྒུས་བཟང་བོར་བསྒྲུབ་དགོས།   རིམས་ནད་འགོག་སྡོམ་བྱེད་ཐབས་སོ་སོ་དོན་འཁྱོལ་བཟང་བོ་བྱེད་པ་དང་ཚོགས་ཞུགས་མི་སྣའི་བདེ་ཐང་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ་ཚོགས་ཆེན་བདེ་བླག་ངང་བསྡུ་བར་རྨང་གཞི་བརྟན་པོ་འདིང་དགོས།   ཚད་མཐའི་བསམ་ཕྱོགས་འཛུགས་པ་དང་།  མེ་འགོག་མེ་གསོད་དང་བདེ་སྲུང་སོགས་ཀྱི་ཐད་གྲ་སྒྲིག་བཟང་བོ་བྱས་ཏེ་གནད་དོན་གཅིག་ཀྱང་མི་འབྱུང་བར་འགན་སྲུང་བྱེད་དགོས།    སྐབས་བརྗེ་འདེམ་བསྐོའི་སྒྲིག་ལམ་ནན་སྲུང་བྱེད་པ་དང་རྩ་དོན་རྒྱུན་འཁྱོངས་བྱེད་པ།   ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་ཧུར་ཐག་གིས་སྤྱོད་བཟང་གཞུང་དྲང་གི་སྣང་ཚུལ་བཟང་བོ་བསྐྲུན་དགོས།   ཞབས་ཞུ་འགན་སྲུང་སྤུས་ཚད་སྔར་ལས་ཇེ་མཐོར་བཏང་སྟེ་འཐུས་མི་ཚོ་སྙིང་སྟོབས་ཆེན་པོས་ཚོགས་ཆེན་ལ་ཞུགས་སུ་འཇུག་པ་དང་།   གྲོས་རིམ་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ་ཚོགས་ཆེན་བདེ་བླག་དང་སྤུས་ཚད་མཐོན་པོས་བསྡུ་བར་འགན་སྲུང་བྱེད་དགོས།

                                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།