ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་ཚོགས་འདུར་ཞུགས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་སྐྱོང་བྱ་རྒྱུའི་བླང་བྱ་དོན་འཁྱོལ་བྱེད་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་དམག་དཔུང་གི་ཏང་སྲོལ་སྲིད་དོན་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་བཅས་བྱས་ནས། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་འགན་ལེན་ནུས་ལྡན་བྱེད་དགོས།
ཧི་ཝེ་ཏུང་གིས་བསྟན་དོན། དུས་རབས་གསར་པའི་ལོ་བཅུའི་ནང་དམག་དཔུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། དུས་ནམ་ཡང་ལམ་ན་ཡོད་པའི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྩ་དོན་ནན་མོ་དང་བྱེད་ཐབས་ནན་མོ། རྣམ་པ་ནན་མོ་བཅས་ཡུན་རིང་རྒྱུན་འཁྱོངས་བྱས་ནས། སྤྱོད་ཚུལ་བཟང་བོ་དང་སྒྲིག་ཁྲིམས་ནན་མོར་བརྟེན་ནས་རུལ་སུངས་ལ་རྒོལ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས།
ཧི་ཝེ་ཏུང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། རིམ་པ་སོ་སོས་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ་དང་བཀོད་འདོམས་ལ་ཉན་པའི་ཆབ་སྲིད་ཀྱི་རང་རྟོགས་སྔར་ལས་ཆེ་རུ་བཏང་སྟེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པར་འགན་ལེན་བྱེད་དགོས། དམག་འཁྲུག་གྲ་སྒྲིག་དང་དམག་འཁྲུག་ལ་དམ་པོར་དམིགས་ནས་ལྟ་སྐུལ་ལྟ་ཞིབ་ལ་ཤུགས་སྣོན་པ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་དག་ཐེར་བཅོས་སྐྱོང་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། གཞི་རིམ་གྱི“རུལ་སུངས་ཆུང་ངུ”མུ་མཐུད་ཡོ་བསྲང་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་ཞིབ་ཚགས་བཅས་བྱེད་དགོས། མ་ལག་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་མཉམ་འགུལ་ལྟ་སྐུལ་གཏིང་ཟབ་ཏུ་སྤེལ་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཆུ་ཚད་སྔར་ལས་མཐོན་པོ་དང་ཚད་གཞི་སྔར་ལས་ནན་མོ་ལྟར་དུ། སྒྲིག་བཤེར་ལྟ་ཞིབ་ཀྱི་ཧྲག་དམག་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་དབང་ཆ་སྤྱོད་རྒྱུ་ཚད་ལྡན་ཅན་དུ་བཏང་ནས། བློ་དཀར་སེམས་དཀར་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྣང་བརྙན་བཟང་བོ་འབད་པས་བསྐྲུན་དགོས།
ཀྲུང་དབྱང་དམག་ཨུའི་ཨུ་ཡོན། དམག་ཨུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཧྲིན་མེན་གྱིས་ཚོགས་འདུར་མགོ་འཛིན་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། དམག་ཨུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། སྡེ་ཁག་དང་ལས་ཁུངས་སོ་སོའི་འབྲེལ་ཡོད་མགོ་ཁྲིད་སོགས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།