ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། རྒྱལ་ཡོངས་གཉིས་བཀུར་ལས་དོན་མགོ་ཁྲིད་ཚན་ཆུང་དང་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་དང་རྒྱ་ཆེའི་དཔོན་དམག གཟིགས་སྐྱོང་བྱ་ཡུལ་བཅས་ལ་འཚམས་འདྲིའི་ཡི་གེ་བསྐུར་ནས། དུས་ཆེན་ལ་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་སྨོན་འདུན་ཞུས།
འདས་ཟིན་པའི་ལོ་གཅིག་གི་རིང་ལ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། དམངས་དམག་གྲ་སྒྲིག་དམག་ཞབས་དམག་མི་བཅས་ཀྱིས་རྒྱལ་སྲུང་མཐའ་སྲུང་དང་། ཁེ་དབང་དང་བརྟན་འཇགས་སྲུང་སྐྱོབ། ཞི་བདེ་སྲུང་སྐྱོབ་བཅས་ཀྱི་ལས་དོན་ཁྲོད་དུ་གྲ་སྒྲིག་གང་ལེགས་བྱས་པ་དང་རེ་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བར། བློས་གཏོང་དང་བྱས་རྗེས་འཇོག་པའི་ཐབས་ལ་བརྟེན་ནས་མི་དམངས་དམག་གི་ལྷག་བསམ་དཀར་པོ་མཚོན་པར་བྱས། སྔོན་གཤེགས་དཔའ་བོ་དང་དམག་མིའི་ནང་མིས་འབད་འབུངས་བློས་གཏོང་དང་རང་སྟོབས་རང་སྤེལ་བྱས་ཏེ་བརྩེ་སེམས་ཆེན་པོར་བརྟེན་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་གིས་ཁྱབ་ཁོངས་མི་འདྲ་བ་དང་འཐབ་ཕྱོགས་མི་འདྲ་བའི་ཁྲོད་མུ་མཐུད་དུ་འབད་འཐབ་བྱས་ནས། སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།
ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་བརྩམས་པའི་ལོ་ཡིན་པས། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་དང་རྒྱ་ཆེའི་དམག་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་གཉིས་བཀུར་ལས་དོན་ཏན་ཏིག་ངང་སྒྲུབ་ནས། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་སྡུད་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།