ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས།
2023.01.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱས་ཤིང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་བྱ་བའི་བཀོད་སྒྲིག་བཅས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་སྤྱི་བསྡོམས་བྱས་ལ། ཉིས་སྟོང་ཉེར་གསུམ་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་མགོ་ཁྲིད་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་གིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས་དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་པའི་བྱ་བའི་སྙན་ཞུ་ཕུལ། ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོ་གཉིས་ཞུགས་པ་དང་མི་དོན་གཅིག་ཟུར་ཞུགས་བྱས།

ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་ལ་མིག་རྒྱང་ཡངས་ཤིང་དགོངས་དོན་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་ལ། རྣམ་བཤད་གནད་ལ་འཁེལ་བ་དང་ཆབ་སྲིད་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་ཡུལ་རང་བཞིན་བཅས་དྲག་པོ་ལྡན་པས། དེ་ནི་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏོང་བའི་གཞི་རྩའི་བསྲུང་བྱ་ཡིན་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་བཟང་བོར་སྒྲུབ་པར་གཞི་རྩའི་མཛུབ་སྟོན་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱེད་དགོས་པར་མ་ཟད། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པའི་ལོ་བཅུའི་ནང་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་གནད་སེལ་བའི་བྱེད་ཐབས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བའི་ལས་འགན་གལ་ཆེན། གཟབ་ནན་གྱི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ་སྤྱོད་བསྲང་སྒྲིག་གཅུན་ཇེ་དྲག་ཏུ་གཏོང་བའི་ཁྲིད་ཕྱོགས་གསལ་བོ། བློ་ཐག་རྦད་ཆོད་སྒོས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ་ཐད་ནས་གྲུབ་འབྲས་གསར་པ་ལེན་པའི་འགན་འཁྲི་དང་ལས་འགན་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་རྒྱུན་ཆད་མེད་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།

ཁྲིན་ཀང་གིས་ན་ནིང་རང་ཞིང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། དོགས་ཟོན་ནན་མོ་དང་གནས་པའི་གནད་དོན་ལ་ནན་ཏན་སྒོས་བསམ་གཞིགས་གཏོང་བ་དང་། ནམ་ཡང་ལམ་དུ་ཡོད་པ་གཉིས་ཀྱི་ཆབ་སྲིད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་དམ་དུ་དམིགས་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་དང་དམ་དུ་སྦྲེལ་ཏེ། ལས་གནས་དང་ཁྱབ་ཁོངས། བྱ་བ་དང་ལས་རིམ་གཙོ་བོའི་ལྟ་སྐུལ་ཞིབ་བཤེར་ནུས་པ་ཇེ་ཆེར་གཏོང་བ་དང་། ཆབ་སྲིད་ལྟ་སྐུལ་དེ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མགོ་ཁྲིད་པའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་གྱི་འགོག་ར་རྒྱུན་མཐུད་སྒོས་སྲ་བརྟན་དུ་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྲུན་གྱི་ས་གནས་རང་བཞིན་དང་ལས་རིགས་རང་བཞིན། དུས་སྐབས་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ་དང་། ཡོངས་ཁྱབ་ཏུ་འབྱུང་བ་དང་བསྐྱར་དུ་འབྱུང་བའི་གནད་དོན་དམ་འཛིན་བྱེད་དགོས་ལ། གཅིག་བསྡུས་སྒོས་ཆེད་དོན་དག་ཐེར་བཅོས་སྐྱོང་འགུལ་སྤྱོད་སྤེལ་བ་དང་། དོན་དངོས་བྱ་བ་ལེགས་པོར་སྒྲུབ་པ་དང་དངོས་གཉེར་ཕན་འབྲས་ཐོབ་པར་བྱས་ནས། ལས་བྱེད་པས་སྔར་ལས་ཁག་ཁུར་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ལམ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། སྒྲིག་ལམ་སྒྲིག་སྲོལ་གསལ་བོར་འཛུགས་པ་དང་དེ་གཟབ་ནན་དུ་གཏོང་དགོས་ལ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དབང་ཟིལ་རང་བཞིན་དང་ལག་བསྟར་ནུས་པ་ཇེ་ཆེར་གཏོང་བ་དང་། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ལམ་བཅས་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་སྒྲིག་ལམ་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞིང་དོ་དམ་ནན་མོ་བྱེད་པ་དང་ཚོད་འཛིན་ལ་སྐུལ་ལྕག་གཏོང་རྒྱུ་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས་མུ་མཐུད་དུ་ཏང་ཡོན་ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ལམ་བརྩི་སྲུང་བྱེད་པའི་བསམ་བློའི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། སྣེ་ཁྲིད་དེ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྣེ་ཁྲིད་དེ་འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ། སྣེ་ཁྲིད་དེ་རང་ངོས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ། སྣེ་ཁྲིད་དེ་རང་གཅུན་ནན་མོ་བྱས་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་འདི་ཉིད་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ལམ་ལག་བསྟར་བྱེད་མཁན་དང་ལག་ལེན་བྱེད་མཁན། སྲུང་སྐྱོང་བྱེད་མཁན་བཅས་བྱེད་དུ་འཇུག་དགོས་ཟེར།

ཝང་དབྱང་གིས་སྙན་ཞུའི་ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་པ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ལས་གནང་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱེད་པ། རང་ངོས་གསར་བརྗེ་ཡི་བློ་སྤོབས་སྲུང་འཛིན་བྱེད་པ། བརྟན་ཐོག་ཡར་འཕེལ་དང་དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བའི་ལས་འགན་དང་རེ་བ་དངོས་འབེབས་བཟང་བོ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས་མུ་མཐུད་དུ་ཁོངས་གཏོགས་ལག་བསྟར་དང་རྩ་ལག་མཉམ་བཅོས་བྱེད་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ནས་གྲོང་ཁྱེར་དང་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཉིས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཅིག ཞིང་ཆེན་གྱིས་དོ་དམ་བྱེད་པའི་རྒྱལ་དབང་ཁེ་ལས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཉིས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མངགས་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཁག་གི་ཚན་གཙོ་ལྔ་བཅས་ཀྱིས་འགན་སྒྲུབ་སྤྱོད་གཙང་གི་གནས་ཚུལ་ཡར་ཞུ་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཉིས་སྟོང་ཉེར་གཉིས་ལོར་ཏང་སྲོལ་སྲིད་གཙང་འཛུགས་ཀྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་པའི་གནས་ཚུལ་ལ་གདེང་འཇོག་བྱས།

གྲོས་ཚོགས་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་བསྡུས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། ཆུས་བཅས་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས།

                                                                                                             བཀྲ་ཤིས་འབུམ་གྱིས་བསྒྱུར།