ཞི་ཅིན་ཕིང་དང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་རྣམ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ཏེ་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུས།
2023.01.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 171

ཟླ་དང་པོའི་ཚེས་བཅུ་བཞི་ཉིན། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་སྲོལ་རྒྱུན་དུས་ཆེན་ཏེ། ཆུ་ཡོས་ལོའི་ལུགས་རྙིང་ལོ་སར་དུས་ཆེན་སླེབས་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་རྣམ་གཉིས་ཀྱིས་ཕན་ཚུན་བར་འཕྲིན་ཡིག་བསྐུར་ཏེ་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ལས་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་མཛད་དེ། རོན་ཧྥུའུ་ཀྲུང་དང་ཡོ་ནན་རྒྱལ་ཁབ་ཀྱི་ཏང་དང་སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ལུགས་རྙིང་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གཉིས་ལོ་ནི་ཀྲུང་གོ་དང་ཡོ་ནན་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཐད་གནད་འགག་གི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ལ། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་བཏོན་ཡོད། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ། ཡོ་ནན་མི་དམངས་ཀྱིས་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་ཀྱིན་ཡོད། བློ་མཐུན་རོན་ཧྥུའུ་ཀྲུང་གིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་ནས་ཅང་མ་འགོར་བར་ཀྲུང་གོར་འཚམས་འདྲི་གནང་བ་དང་། ཕྱོགས་གཉིས་ཀས《ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་སྔར་ལས་ཤུགས་སྣོན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》དངོས་སུ་སྤེལ་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་ང་ཚོའི་བར་བྱུང་བའི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་བཞིན་ཡོད་ཅིང་། དེས་ཕྱོགས་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་སྲོལ་རྒྱུན་མཛའ་མཐུན་སྔར་ལས་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ལོ་གསར་པར་རྣམ་པ་གསར་པ་བསུ་དགོས། ཉིས་སྟོང་ཉེར་གསུམ་ལོར་ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་འབྲེལ་གཏུགས་དམ་ཟབ་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་དང་མཐའ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོར་བརྩི་བཞིན་ཡོད། ཡོ་ནན་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུགས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་ཐད་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།

རོན་ཧྥུའུ་ཀྲུང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་འདས་ཟིན་པའི་ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སྟོན་འོག་ཏུ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པ་དེ་ནི། ཀྲུང་གོ་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། སྤུན་ཟླ་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་དམིགས་འབེན་དང་ཕུགས་འདུན་ཁག་ཚང་མ་ཡོངས་འགྲུབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་དཔུང་སྐྱོད་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཅེས་བསྟན།

རོན་ཧྥུའུ་ཀྲུང་གིས་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པའི་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་དགེ་མཚན་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་གལ་ཆེན་བྱུང་ཡོད། ང་དང་ཡོ་ནན་གྱི་ཏང་སྲིད་མཐོ་རིམ་འཐུས་ཚབ་ཚོགས་པས། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་རྗེས་དངོས་སུ་ཀྲུང་གོར་བདེ་ལེགས་ངང་འཚམས་འདྲི་བྱས་པ་ཡིན། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ལྷན་དུ་ཕྱོགས་གཉིས་ཀའི་སྡེ་ཁག་སོ་སོ་དང་ས་གནས་ཁག་གིས་འཚམས་འདྲི་བྱེད་རིང་བཞག་པའི་གྲོས་མཐུན་དང་ངོས་འཛིན་གཅིག་མཐུན་ལག་བསྟར་དོན་འཁྱོལ་ལེགས་པོ་བྱེད་པར་མཛུབ་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་འཐབ་ཇུས་ཀྱི་འབྲེལ་གཏུགས་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་སུ་གཏོང་བ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་འཐབ་ཇུས་ཀྱི་འཆར་འགོད་བཟོ་འདོད་ཡོད། ངས་ཀྲུང་གོ་གུང་ཁྲན་ཏང་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ལྡན་ཅན་དུ་འཕེལ་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བ། སྤུན་ཟླ་ཀྲུང་གོ་མི་དམངས་ལ་ལོ་གསར་པའི་ནང་བདེ་སྐྱིད་ལྡན་པ་དང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།