ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་གོ་དགུ་པ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་ཀྱི་ནང་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚུང་ལི་ཡིས་མགོ་འཛིན་བྱས་ཏེ་བླང་བྱ་བཏོན། ཝང་ལིས་མེན་དང་། མཱ་ཝེ། ཉི་མ་སྒྲོལ་མ། ཝུའུ་ཧའེ་ཁུན། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་པས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་དམིགས་འབེན་ལས་འགན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། དམངས་ཆེན་གྱི་འགན་ནུས་ལ་རྐང་འཛུགས་པ་དང་། ཚད་གཞི་དང་འཆར་གཞི་ལྟར་དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དངོས་འབེབས་བྱ་བ་དམ་འཛིན་ནན་མོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་དེ་དམངས་ཆེན་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ནས། ཧུར་ཐག་གིས་དམངས་ཆེན་བྱ་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་འབྱེད་བྱེད་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་ནང་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་དང་། ཁྲིམས་འཛུགས། ལྟ་སྐུལ་དང་དཔུང་སྡེ་འཛུགས་སྐྲུན་ལ་དམ་དུ་དམིགས་ནས། དུས་རབས་གསར་བའི་དམངས་ཆེན་བྱ་བ་ལེགས་པོར་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཇེ་དྲག་ཏུ་གཏོང་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་བྱ་སྤྱོད་སྟེང་མངོན་པར་བྱེད་པ་དང་བྱ་བའི་ཁྲོད་དངོས་འབེབས་ཡོང་བར་བྱས་ནས། ཁྱད་འཕགས་གྲུབ་འབྲས་ཀྱིས་ཞིང་ཆེན་ཏང་ཨུས་དམངས་ཆེན་བྱ་བའི་ཐད་སེམས་ཁུར་གཟིགས་སྐྱོང་གནང་བར་དྲིན་ལན་འཇལ་བ་དང་། རང་ཞིང་གི་དམངས་ཆེན་བྱ་བ་དུས་བསྟུན་མདུན་སྐྱོད་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་ད་དུང་བྱ་བ་གཞན་པར་ཞིབ་འཇུག་དང་གྲོས་བསྡུར་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།