ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཚོགས་ཁང་ཆེན་མོ་ནས་གྲ་སྒྲིག་གྲོས་ཚོགས་བསྡུས། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་དགུ་བཅུ་ཡོད་པ་དང་། གྲ་སྒྲིག་གྲོས་ཚོགས་ལ་འཐུས་མི་སུམ་བརྒྱ་དང་ང་བརྒྱད་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།
ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡུས་ཚུང་ལི་དང་ཝང་ལིས་མེན། མཱ་ཝེ། ཉི་མ་སྒྲོལ་མ། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཀྲུང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།
གྲོས་ཚོགས་ལ་ཡུས་ཚུང་ལི་ཡིས་མགོ་འཛིན་བྱས། གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་གསུམ་ཡོད་དེ།
གཅིག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་འདེམ་བསྐོ་བྱ་རྒྱུ།
གཉིས། གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ།
གསུམ། འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུ་བཅས་རེད།
གྲོས་ཚོགས་སྟེང་རིམ་པ་བཞིན་གོང་གི་གྲོས་རིམ་གསུམ་ལ་གྲོས་འཆམ་བྱུང་།
ལྷ་མོ་ཚེ་རིང་གིས་བསྒྱུར།