ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ཏེ། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས།
ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པས་ལས་དོན་ཁག་སོ་སོར་བླངས་པའི་གྲུབ་འབྲས་གསར་པར་ཁས་ལེན་དང་གདེང་འཇོག་མཐོན་པོ་བྱས། ཚང་མས་བསྟན་དོན། འདས་པའི་ལོ་ལྔའི་རིང་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་འགན་གཙོ་བོར་དམ་དུ་དམིགས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། རང་འགན་ནན་སྒྲུབ་དང་སེམས་ཤུགས་གཅིག་སྒྲིལ་གང་ལེགས་བྱས་པའི་དབང་གིས། ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་བྱ་བར་འཕེལ་རིམ་གསར་པ་བྱུང་ནས། ཕྱོགས་སོ་སོ་ནས་ཁས་ལེན་ཐོབ་པའི་རྒྱུགས་ལན་ཞིག་སྤྲད་ཡོད། སྙན་ཞུ་དེ་གཉིས་ཀར་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་ཆོད་སེམས་བརྟན་པོ་དང་ངོས་འཛིན་གཅིག་མཐུན་བྱས་པ་དངོས་གཉེར་ཞིབ་ཚགས་ལྡན་པ། དམངས་གཙོའི་གྲོས་མོལ་གྱི་རྣམ་པ་ཤུགས་ཆེ་བ། ལོ་ལྔའི་ནང་འགན་འཁྲི་བསྒྲུབས་པ་ཁ་ཡོད་ལག་ཡོད་ཡིན་པ། ལས་དོན་བཀོད་སྒྲིག་བྱས་པ་དུས་བསྟུན་མདུན་སྐྱོད་ཡིན་པ། དམིགས་འབེན་ཁ་གསལ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་པར་བརྟེན། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པ། མཐུན་སྒྲིལ་ཡར་བརྩོན་བྱེད་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཡིན་ལ། སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་དང་དུས་རབས་གསར་པའི་སྲིད་གྲོས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་བསམ་གཞིགས་གསར་པ་བཏོན་པ་དང་། དམིགས་འབེན་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་བསྟར་རང་བཞིན་བཅས་ཤུགས་ཆེན་ལྡན་པས། མི་དམངས་སྲིད་གྲོས་ཀྱི་ཁག་ཁུར་གྱི་བྱེད་ཕྱོགས་དང་དག་སྲུང་གསར་གཏོད་ཀྱི་རྣམ་པ་གསར་པ་མངོན་པར་མཚོན་ཡོད་ཟེར།
མ་འོངས་པའི་ལོ་ལྔ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཁྱོན་ཡོངས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་མགོ་རྩོམ་པར་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལེགས་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཨུ་ཡོན་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱེད་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཏན་ཏིག་གིས་ཆེ་རུ་གཏོང་བ། རང་འཁྲིའི་བྱ་བའི་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་དང་སྲིད་གྲོས་ལས་དོན་ཁྲོད་ཀྱི་རང་བདག་ནུས་པ། ཁོངས་གཏོགས་མང་ཚོགས་ཁྲོད་ཀྱི་འཐུས་མིའི་ནུས་པ་བཅས་འདོན་སྤེལ་ཡག་པོ་བྱས་ཏེ། འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྲིད་ཞུགས་སྲིད་གླེང་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྲིད་གྲོས་ཨུ་ཡོན་གྱི་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།