ཟླ་དང་པོའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚོང་ལི་སོགས་ཞིང་ཆེན་གྱི་མགོ་ཁྲིད་པ་འཐུས་ཚབ་ཚོགས་པ་སོ་སོར་སོང་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་ལ་འཚམས་འདྲི་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན། ཡུས་ཚོང་ལི་སོགས་འཐུས་ཚབ་ཚོགས་པ་རེ་རེར་སོང་ནས་ཚང་མར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་བྱས་པ་དང་ལོ་སར་གྱི་སྨོན་འདུན་ཞུས་པར་མ་ཟད། ཚང་མས་རང་རང་གི་ལས་གནས་སུ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུས། ཁོ་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཧ་ཅང་ཐུགས་ཁུར་གནང་བ་དང་སྐུ་དངོས་སུ་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ལ་ཇུས་གཞི་བཟང་བོ་བཀོད་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་མཚོ་སྔོན་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོར་བསྟན་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་གཏན་ལ་ཕབ་པས། ང་ཚོས་ད་ལྟ་སྒྲུབ་དགོས་པ་ནི་ཇུས་གཞི་དེ་མངོན་འགྱུར་བྱེད་རྒྱུ་དེ་ཡིན། དམངས་ཆེན་འཐུས་མིའི་ལས་འགན་ལྗིད་ཅིང་འགན་འཁྲི་གཟི་བརྗིད་ལྡན་པས། སྙན་ཞུ་སྣ་ཚོགས་ལ་གྲོས་ཞིབ་ནན་མོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་གཙོ་བོ་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་དམ་པོར་སྦྲེལ་ཏེ། འཕེལ་རྒྱས་ཀྱི་སྲིད་ཇུས་གང་མང་གཏན་འཁེལ་བྱེད་པ་དང་འཕེལ་རྒྱས་ཀྱི་འཆར་གཞི་གང་མང་འགོད་པ། འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་འདོན་དགོས་ལ། མཐུན་སྒྲིལ་གཅིག་གྱུར་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ་དང་དབང་ཆ་ལག་བསྟར་ནན་མོ་བྱས་ཏེ་འདེམ་ཤོག་འཕེན་པ་དང་འདེམ་བསྐོའི་ལས་འགན་ཡོངས་འགྲུབ་བཟང་བོ་བྱས་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་སྟོང་ཟད་དུ་གཏོང་མི་རུང་། ཚོགས་འདུའི་སྒྲིག་སྲོལ་གཟབ་ནན་དུ་གཏོང་བ་དང་ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་སྒྲིག་ལམ། བྱ་བའི་སྒྲིག་ལམ། ལྷག་པར་དུ་སྐབས་བརྗེ་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། གཟབ་ནན་གྱི་ཚོགས་སྲོལ་དང་རྣམ་འགྱུར་བཟང་བོར་བརྟེན་ནས་ཐེངས་འདིའི་ཚོགས་ཆེན་བཟང་བོར་བསྡུས་ནས་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱེད་དགོས།
འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བཤད་རྒྱུར། སྤོབས་པ་ཆེན་པོ་དང་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས་ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ལ་གྲོས་ཞིབ་བྱེད་པ་དང་། ལས་འགན་དང་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་སྒོས་ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་ངེས་ཡིན་ཟེར།
ཀྲུའུ་ཞང་ཧྥིན་དང་ཝང་ལིས་མེན། མ་ཝེ། ཉི་མ་སྒྲོལ་མ་བཅས་འཚམས་འདྲི་བྱེད་པར་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།