ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་རྣམས་ཀྱིས་ཚན་ཆུང་བགོས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། གྲོས་ཞིབ་བྱེད་སྐབས་འཐུས་ཚབ་ཚོགས་པ་སོ་སོས་སྙན་ཞུའི་ནང་དོན་ལ་དམིགས་ཏེ་ལང་ལོང་གིས་གཏམ་བཤད་པ་དང་། ཡུལ་དངོས་ཀྱི་གྲོས་ཞིབ་རྣམ་པ་ཧ་ཅང་བཟང་།
གྲོས་ཞིབ་བྱེད་སྐབས། འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཡོད་ལ། འདས་པའི་ལོ་ལྔའི་བྱ་བར་ཕྱོགས་ཡོངས་ནས་སྤྱི་བསྡོམས་དང་ལྷག་པར་དུ་ཉིས་སྟོང་ཉེར་གཉིས་ལོའི་རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ལས་དོན་སོ་སོའི་ཐད་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་ལ་སྤྱི་བསྡོམས་བྱས་ཡོད་པར་མ་ཟད། གནས་པའི་དཀའ་ཁག་དང་གནད་དོན་ལ་ཡང་དག་པའི་སྒོ་ནས་དབྱེ་ཞིབ་དང་། མ་འོངས་པའི་ལོ་ལྔ་དང་ཉིས་སྟོང་ཉེར་གསུམ་ལོའི་བྱ་བ་གཙོ་བོའི་ཐད་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་པས། བརྗོད་དོན་གསལ་ཞིང་གཙོ་གནད་འབུར་དུ་ཐོན་ལ། མི་ལ་སྐུལ་མ་ཐེབས་པ། བདེན་འཚོལ་དངོས་གཉེར་དང་སེམས་ཤུགས་གཅིག་སྒྲིལ་གྱི་སྙན་ཞུ་བཟང་བོ་ཞིག་ཡིན་པར་འདོད།
འཐུས་ཚབ་ཚོགས་པ་སོ་སོས་གྲོས་ཞིབ་བྱེད་ས་རུ། ལས་རིགས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་དམངས་ཆེན་འཐུས་མི་རྣམས་ཀྱིས་འཐབ་ཕྱོགས་དང་པོའི་བྱ་བའི་ལག་ལེན་དངོས་དང་མྱོང་ཚོར་ལ་ཟུང་འབྲེལ་བྱས་ཏེ་སྙན་ཞུར་གྲོས་ཞིབ་བྱས། འཐུས་མི་རྣམས་ཀྱིས་བསྟན་དོན། ལོ་ལྔའི་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་སེམས་ཤུགས་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་པས། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་ནུས་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བརྟན་བརླིང་སྒོས་སྤེལ་ལ། བཅོས་སྒྱུར་སྒོ་འབྱེད་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་དང་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་ཞིང་། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་སོང་།
འཐུས་མི་རྣམས་ཀྱིས་མྱོང་ཚོར་གླེང་བ་དང་གྲོས་གཞི་བཏོན་ཏེ་རང་རང་གི་བསམ་ཚུལ་ལེགས་པོར་བཤད། ཚང་མས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུས་མ་འོངས་པའི་ལོ་ལྔའི་བྱ་བའི་བཀོད་སྒྲིག་དང་ཉིས་སྟོང་ཉེར་གསུམ་ལོའི་ལས་འགན་གཙོ་བོ་གཏན་འབེབས་གསལ་བོ་བྱས་ཡོད་པ་དང་། བྱ་བ་སོ་སོ་གཅིག་འདོམས་ཀྱིས་བཟང་བོར་བསྒྲུབ་པའི་ཞོར་དུ་གཙོ་བོ་ཕྱོགས་བདུན་ཐད་ཀྱི་བྱ་བ་དམ་འཛིན་བྱེད་དགོས་ཞེས་བསྟན་ཡོད་པས། བསམ་ཕྱོགས་གསལ་ཞིང་དམིགས་འབེན་ཁ་གསལ་ཡིན་ལ། བྱེད་ཐབས་ཞིབ་ཚགས་ཡིན། འཐུས་མི་རྣམས་ཀྱིས་ལང་ལོང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པིའ་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ཏེ་ངར་སེམས་ཆེད་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་ཐད་བྱས་རྗེས་གསར་པ་འཇོག་ངེས་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།