རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པ་པེ་ཅིང་དུ་འཚོགས་མགོ་བརྩམས།
2023.01.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 76

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པ་པེ་ཅིང་དུ་འཚོགས་མགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་མགོ་རྩོམ་མཛད་སྒོར་ཞུགས།

ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་གཤམ་གསལ་ལྟར། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུ་རྒྱུའི་སྐོར་གྱི་ཆོད་དོན་ལ་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་ཞུགས་ལས་ཁུངས་ཀྱི་མིང་ཐོ་དང་ཨུ་ཡོན་གྱི་ཁ་གྲངས། ཨུ་ཡོན་གྱི་འོས་མིའི་མིང་ཐོ་བཅས་གྲོས་མོལ་བྱས་ནས་ཐག་བཅད། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་གནང་རྒྱུར་ཕུལ་བའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བསྒྲུབས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་མ་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་སྟེང་བསྒྲུབས་མ་ཚར་བའི་དོན་དག་ལ་གྲོས་ཞིབ་བྱེད་པར་དབང་ཆ་སྤྲོད་པའི་ཆོད་དོན་ལ་གྲོས་འཆམ་བྱུང་བར་མ་ཟད། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་བསྒྲུབས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་ཀྱི་ཚོགས་འདུར་མགོ་འཛིན་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ལིས་པེན་སོགས་ཀྱིས་འབྲེལ་ཡོད་གྲོས་དོན་ལ་གསལ་བཤད་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།