ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་དང་བཞུགས་མོལ་གནང་བར་མ་ཟད། མཉམ་དུ་ལུགས་རྙིང་ལོ་སར་བསུས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་གསར་དུ་བདམས་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་བར་མ་ཟད། ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོ་ནི་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་པར་བརྟེན། རེ་བ་དང་འགྲན་སློང་མཉམ་དུ་གནས་ཡོད། ཚང་མས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྔར་ལས་འབད་འབུངས་ཆེར་སྐྱེད་ཀྱིས་རང་འགན་གཙང་སྒྲུབ་དང་སེམས་ཤུགས་གཅིག་སྒྲིལ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་སྔར་ལས་ནུས་པ་ཆེན་པོ་འདོན་པ་དང་། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱེད་ཡུལ་མང་ཚོགས་ལ་སྐུལ་སློང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་གྱིས་གསུངས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་དང་ཏེན་ཞུའེ་ཞང་བཅས་ཚོགས་འདུར་ཞུགས།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏིན་ཀྲུང་ལིས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥིན། ཀྲུང་གོ་བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་པར་མ་ཟད། སོ་སོས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་བདེ་བླག་ངང་བསྡུས་པ་དང་སྐབས་བརྗེའི་ལས་དོན་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་པའི་གནས་ཚུལ་དང་། དེ་བཞིན་མ་འོངས་པའི་བྱ་བའི་འཆར་གཞི་བཅས་ངོ་སྤྲོད་བྱས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཞིས་ནན་ཧྭ་ཡིས་ཀྱང་གཏམ་བཤད། ཁོ་ཚོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གཏིང་ཟབ་བྱེད་པ་དང་རང་ངོས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། རང་འགན་གཙང་སྒྲུབ་ཧུར་ཐག་བཅས་བྱས་ཏེ། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན་ཟེར།
ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་སྒོས་གསན་རྗེས་གསུང་བཤད་གལ་ཆེན་གནང་ནས་བསྟན་དོན། ཉིན་འགའ་འགོར་རྗེས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་ཡིན། ཚང་མ་དང་མཉམ་དུ་ལུགས་རྙིང་ལོ་སར་དུས་ཆེན་བསུས་ཏེ། མཛའ་བརྩེ་ཟབ་མོ་གླེང་བ་དང་རྒྱལ་དོན་མཉམ་གྲོས་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གཉིས་ལོ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན་ལ། རང་རེའི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་བཏོན་ནས་ལོ་བརྒྱ་འཁོར་བའི་ལོ་ཡང་ཡིན། དམངས་གཙོ་ཏང་ཁག་སོ་སོས“བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པ་དང་ལག་གདང་སྦྲེལ་ནས་དུས་རབས་གསར་པ་བརྩོན་ལེན་བྱེད”ཅེས་པའི་ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་བའི་དབང་གིས། བསམ་བློ་དང་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་སྔར་ལས་ཇེ་བརྟན་དུ་སོང་ཡོད། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཁྲོད་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམ་པོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། དམངས་གཙོའི་ལྟ་སྐུལ་ལས་སྒོ་སྤེལ་ཏེ། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་སྲིད་ཇུས་ལག་བསྟར་ནུས་ལྡན་བྱེད་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”འགུལ་སྐྱོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས། དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་ངང་འཁུར་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཏང་མང་མཉམ་ལས་ཀྱི་རྩ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཆབ་སྲིད་ལས་འགན་གཙོ་བོ་ནི། ཆབ་སྲིད་རྒྱུན་འཛིན་དང་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས། བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། ཚང་མས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱེད་ཡུལ་མང་ཚོགས་ཀྱི“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་ལ་ཁྲིད་སྟོན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་དུ་གཅིག་གྱུར་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་དང་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ། རེས་སྐོར་གསར་པའི་བརྗོད་དོན་སློབ་གསོའི་བྱེད་སྒོ་དུས་བབ་དང་བསྟུན་ནས་སྤེལ་བ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་མོས་མཐུན་དང་བསམ་བློའི་མོས་མཐུན། རིགས་པའི་གཞུང་ལུགས་ཀྱི་མོས་མཐུན། བརྩེ་སེམས་ཀྱི་མོས་མཐུན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་དེ་ལ་རྒྱལ་ཡོངས་གོང་འོག་བར་གསུམ་ཚང་མས་མཐུན་སྒྲིལ་འབད་འཐབ་བྱེད་དགོས། དམངས་གཙོ་ཏང་ཁག་སོ་སོས་ཏང་མང་མཉམ་ལས་ཀྱི་ལེགས་ཆ་དང་དཀྱིལ་སྙིང་དང་ཁྱོན་ཡོངས་ཀྱི་དགོས་མཁོ་ཟུང་འབྲེལ་བྱེད་པ་དང་། སྲིད་ཞུགས་སྲིད་གླེང་བྱེད་པའི་ཁྲོད་དུ་མི་མང་གི་བློ་གྲོས་གཅིག་སྡུད་བྱེད་པ་དང་། དམངས་གཙོའི་ལྟ་སྐུལ་ཁྲོད་དུ་གོ་སྐོན་སྐུལ་ལྕག་གཏོང་བ། སྲིད་ཏང་གི་གྲོས་མོལ་ཁྲོད་དུ་ཐབས་ཇུས་བཟང་པོ་འདོན་པ་བཅས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་བཟང་པོ་དང་ལསགརོགས་བཟང་པོ། ལས་གྲོགས་བཟང་པོ་བཅས་བྱ་རྒྱུའི་རེ་བ་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་བྱེད་པ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཐབས་འདོན་ཇུས་འདོན་ཧུར་ཐག་བྱེད་དགོས། རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཐབས་ལམ་རྒྱ་ཆེར་བསྐྱེད་ནས། དམངས་གཙོའི་ལྟ་སྐུལ་གྱི་དམིགས་འབེན་རང་བཞིན་དང་ཕན་འབྲས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ངར་སེམས་འཕེལ་བར་སྣེ་ཁྲིད་བྱས་ཏེ། མདུན་སྐྱོད་ཀྱི་ལམ་དུ་དཀའ་ངལ་དང་ཉེན་ཁ་ཅི་རིགས་ལས་རྣམ་པར་རྒྱལ་ཕོད་པར་བྱེད་དགོས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་ཀྱི་དཀའ་ཁག་སེལ་བའི་སྲིད་ཇུས་དོན་འཁྱོལ་དང་དེར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། དམངས་གཉེར་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱས་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པར་ཅིས་ཀྱང་། དམངས་གཙོ་ཏང་ཁག་སོ་སོས་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་སྲིད་ཞུགས་སྲིད་གླེང་གི་ནུས་པ། རྩ་འཛུགས་མགོ་ཁྲིད་ཀྱི་ནུས་པ། མཉམ་ལས་མཉམ་སྒྲུབ་ཀྱི་ནུས་པ། རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཚང་མས་ཏང་དང་སེམས་པ་གཅིག་མཐུན་དང་རྒྱལ་གཅེས་དམངས་གཙོ། ལྷག་བསམ་རྣམ་དག་གི་མཉམ་ལས། ལས་བཀུར་འབད་བརྩོན་བཅས་ཀྱི་ཏང་མང་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། ཆབ་སྲིད་བརྟན་པོ་དང་རྩ་འཛུགས་སྲ་བརྟན། འགན་འཁྲི་སྒྲུབ་ནུས་ལྡན་པ། སྤྱོད་ཚུལ་བཟང་བ། ལམ་ལུགས་འཐུས་ཚང་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད། མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་ཆེན་པོ་སྣོན་པ་དང་མཐུན་སྒྲིལ་མཉམ་ལས་ཡག་པོ་བྱེད་པ། མགོ་ཁྲིད་ཚན་ཁག་གི་སྤྱི་ཡོངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དངོས་གཉེར་ཡར་བརྩོན་དང་སྤྱོད་གཙང་གཞུང་དྲང་གི་སྣང་བརྙན་བཟང་པོ་བསྐྲུན་པ་བཅས་བྱེད་དགོས། ད་ལོ་ནི་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན་པས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ། འཐུས་ཚབ་མི་སྣར་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེརུ་གཏོང་བ་བཅས་བྱས་ཏེ། འབྲེལ་ཟམ་དང་ལག་རོགས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།