ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། 
2023.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་སུ་ཐོན་དགོས་པའི་འཐུས་མི་སུམ་བརྒྱ་དང་དགུ་བཅུ་ཡོད་པ་དང་། འཐུས་མི་སུམ་བརྒྱ་རེ་ལྔ་ཚོགས་འདུར་བྱས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ལག་བསྟར་ཀྲུའུ་ཞི་རྣམ་རྒྱལ་དང་། ཝང་ཏེན་པང་། ལོས་ཀང་། ཤ་བོ་སྐྱབས། ཚེ་ཁྲིན་ཡུང་། ཀྲུའུ་ཀྲན་མེན། ཡེ་ཝན་པེན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན། མགོན་པོ་བཀྲ་ཤིས། ཁྲིན་རོས་ཧྥིན། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞཱ། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལཱ་ཙི་པེ་ཁི་རེ་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥུང་། དབྱི་ཧྲུའུ་ཆང་། ཡུས་ཚོང་ལི། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན་སོགས་མགོ་ཁྲིད་པ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་སྟེང་སྔ་གཞུག་ཏུ་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡུས་ཚོང་ལི་ཡིས་ཕུལ་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་གྱིས་ཕུལ་བའི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་གིས་ཕུལ་བའི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན།

ཡུས་ཚོང་ལི་ཡིས་སྙན་ཞུ་ལས་བསྟན་དོན། འདས་པའི་ལོ་ལྔའི་ནང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་ནུས་ཟོལ་མེད་ཀྱིས་ལག་བསྟར་བྱས་ཤིང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་གཙོར་བཟུང་བ་དང་། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། དུས་ལྟར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་ནུས་པ་གལ་ཆེན་བཏོན་ནས་བྱས་རྗེས་ཆེན་པོ་བཞག་ཡོད། ཉིས་སྟོང་ཉེར་གཉིས་ལོར། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་མ་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་གཙོ་གནད་དུ་བཟུང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་གཙོར་བཟུང་སྟེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གྱིས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས། ལངས་གནས་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་ཁྲིམས་འཛུགས་དང་ལྟ་རྟོག ཆོད་དོན། བསྐོ་འཇོག འཐུས་མིའི་བྱ་བ། རང་སྟེང་གི་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་བ་དང་། ལྟེ་གནས་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ། ཁྲིམས་ལྟར་འགན་ནུས་ལག་བསྟར་དང་ཁག་ཁུར་ཡོད་པར་བྱས་ནས་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ནུས་མཐོའི་གཅིག་འདོམས་བྱས་པ་དང་། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད། ཉིས་སྟོང་ཉེར་གསུམ་ལོར་གཙོ་བོ་གཤམ་གྱི་བྱ་བ་འགའ་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས་ཏེ། གཅིག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་བྱས་ཤིང་། ཤུགས་ཆེན་པོས་ཀྲུང་དབྱང་དང་ཞིང་ཆེན་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་གཙོ་བོར་བཟུང་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་དམངས་ཆེན་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། གསུམ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་དང་དཀྱིལ་སྙིང་བྱ་བ་མཛུབ་སྟོན་བྱེད་ཕྱོགས་སུ་བྱས་ནས་ཟོལ་མེད་ཀྱིས་དམངས་ཆེན་གྱི་འགན་ནུས་འདོན་སྤེལ་བྱེད་དགོས། བཞི་ནས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་རང་འགན་དུ་བྱས་ཏེ། བསྟུད་མར་དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ལྔ་ནས་ལས་ཁུངས་བཞིའི་འཛུགས་སྐྲུན་དམ་འཛིན་བྱས་ནས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

ཀྲང་ཙིག་ཅུན་གྱིས་སྙན་ཞུའི་ནང་བཤད་རྒྱུར། འདས་པའི་ལོ་ལྔ་ནི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ། འདྲི་གཅོད་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་ལྔ་ཡིན། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོ་དང་ཆེས་མཐོའི་ཁྲིམས་ཁང་གི་ནུས་ལྡན་མཛུབ་སྟོན། ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལྟར་ལྟ་རྟོག་བྱས་འོག ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། རྣམ་དག་གིས་རང་ཞིང་གི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ། ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་གྱི་བླ་མེད་འགན་འཁྲིར་སྲུང་སྐྱོབ་བྱས་ནས། བྱ་བ་སྣ་ཚོགས་ལ་གྲུབ་འབྲས་ངེས་ཅན་ཐོབ་པར་བྱས་ཡོད། ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་དོན་སྣ་ཚོགས་འབུམ་ལྔ་དང་ཁྲི་བརྒྱད་སྟོང་ལྔ་སུམ་བརྒྱ་གྱ་བདུན་ཐག་གཅོད་བྱས་པ་དང་། ལོ་ལྔའི་སྔོན་དང་བསྡུར་ན་བརྒྱ་ཆའི་གྱ་དགུ་དང་གྲངས་ཆུང་བཞི་ལྔ་འཕར་ཡོད། ཉིས་སྟོང་ཉེར་གཉིས་ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་སྣ་ཚོགས་ཀྱི་གྱོད་དོན་འབུམ་གཅིག་དང་ཁྲི་གཅིག་སྟོང་བརྒྱད་ཉིས་བརྒྱ་ཉེར་གཉིས་ཐག་གཅོད་བྱས་པ་དང་། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་གྱོད་དོན་སྟོང་གཅིག་དང་དགུ་བརྒྱ་གོ་ལྔ་ཐག་གཅོད་བྱས། ཉིས་སྟོང་ཉེར་གསུམ་ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཏིང་ཟབ་ཏུ་ལག་ལེན་བྱེད་པ། ནན་ཏན་གྱིས་ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་ཁྲིམས་ཁང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བྱེད་པ། འདྲི་གཅོད་ལག་བསྟར་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འཁེལ་བྱས་པའི་དམིགས་འབེན་དང་རེ་བར་དམ་པོར་དམིགས་པ་དང་། འབད་བརྩོན་ཆེན་པོའི་སྙིང་སྟོབས་ཀྱིས་ལྷད་མེད་འཕེལ་རྒྱས་དང་སྐྱེ་ཁམས་བཟང་བ། གསར་གཏོད་སྒོ་འབྱེད། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དག་གཙང་བཅས་ཡིན་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ཞབས་ཞུ་འདོན་སྤྲོད་བྱེད་དགོས།

ཀྲ་ཆིན་ཅིག་གིས་སྙན་ཞུ་འབུལ་སྐབས་བཤད་རྒྱུར། འདས་པའི་ལོ་ལྔའི་ནང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་རབ་དང་རིམ་པའི་གྲོས་ཆོད་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། ཏང་གིས་ཞིབ་དཔྱོད་བྱ་བར་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པར་འགན་སྲུང་བྱེད་པའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། བརྟན་འཇགས་གཙོར་འཛིན་པ་དང་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ། ཞིབ་དཔྱོད་ཀྱིས་དམངས་བསམ་པ་དང་ཏན་ཏིག་སྒོས་ཞིབ་དཔྱོད་དམངས་ཚིས་དོན་དངོས་ལེགས་སྒྲུབ་བྱེད་པ་རྒྱུན་འཁྱོངས་བྱས་ལ། བཅའ་ཁྲིམས་ལྟ་སྐུལ་ནུས་པ་ཇེ་ཆེར་བཏང་བ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཚོགས་འདྲ་མཉམ་དྲག་གཞག་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཞིབ་དཔྱོད་བཅོས་སྐྱོང་ནན་མོ་བྱེད་པ་དང་མུ་མཐུད་དུ་ཞིབ་དཔྱོད་ལས་དོན་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་པར་མ་ཟད། བཅའ་ཁྲིམས་ལྟ་སྐུལ་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། ཁྲིམས་འཛིན་སྤུས་ཚད་དང་ཕན་ནུས། ཡིད་རྟོན་ནུས་ཤུགས་མངོན་གསལ་དུ་མཐོར་འདེགས་སུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་བཞག ཉིས་སྟོང་ཉེར་གསུམ་ལོར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཡུན་རིང་གི་ཆབ་སྲིད་ལས་འགན་དུ་བརྩིས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ནུས་ལྡན་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ཆེད་དོན་འགུལ་སྐྱོད་ལ་རོགས་འདེགས་བྱེད་དགོས་ལ། མཛེས་པའི་མཚོ་སྔོན་གྱི་ཆུ་དྭངས་རི་སྔོར་སྲུང་སྐྱོབ་བྱེད་དགོས་པ་དང་། མཚོ་སྔོན་གྱི་སྤྱི་ཚོགས་བརྟན་འཇགས་དང་མི་རིགས་འཆམ་མཐུན་གྱི་རྣམ་པ་བཟང་བོ་སྲ་བརྟན་དུ་གཏོང་དགོས་པར་མ་ཟད། མི་དམངས་མང་ཚོགས་ཀྱི་དཀའ་གནད་སེལ་བའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་དང་། འདྲ་མཉམ་ཁྲིམས་འཛིན་ལག་བསྟར་ནན་མོ་བྱེད་པ་དང་སྤྱི་ཚོགས་འདྲ་མཉམ་དྲག་གཞག་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་དགོས། ཚད་མཐོན་པོའི་ཆབ་སྲིད་རང་རྟོགས་དང་ཁྲིམས་སྐྱོང་རང་རྟོགས། ཞིབ་དཔྱོད་རང་རྟོགས་བཅས་ལ་བརྟེན་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་བས་འབྲི་སྐབས་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས།

གྲོས་ཚོགས་སྟེང་ད་དུང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲངས་ཀའི་ཆོད་དོན་དང་ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས། སྤྱིའི་འདེམ་ཤོག་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པའི་མིང་ཐོ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་འཛུགས་པའི་སྐོར་གྱི་ཆོད་དོན་བཅས་ལ་རིམ་པ་བཞིན་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མིའི་འོས་མི་འདེམ་པའི་བྱེད་ཐབས་ལ་གྲོས་འཆམ་བྱུང་།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཟུར་ཞུགས་བྱས།


བསོད་ནམས་ཚེ་རིང་དང་བཀྲ་ཤིས་འབུམ་གྱིས་བསྒྱུར།