ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོགས་གྲོས་ཚོགས་ཐེངས་བཅུ་པ་ཟི་ལིང་དུ་བསྡུས།
2023.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་དང་པོའི་ཚེས་བཅུ་བཞི་དང་ཚེས་བཅོ་ལྔ་ཉིན་གཉིས་ལ། ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོགས་གྲོས་ཚོགས་ཐེངས་བཅུ་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པར་བརྟེན་ནས་དམག་དཔུང་གི་སྲོག་ཤིང་ཇེ་བརྟན་དུ་གཏོང་བ་དང་། དུས་ལྟར་དམག་འཛུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ་མུ་མཐུད་དུ་རང་ཞིང་གི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཁྲིན་ཀང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་དམག་ཁུལ་ཏང་ཨུ་ཡིས་བློ་ཐག་རྦད་ཆོད་སྒོས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་དམག་ཨུའི་རྒྱལ་སྲུང་སྐུལ་སློང་པུའུ་དང་ནུབ་རྒྱུད་འཐབ་ཁུལ་ཏང་ཨུའི་བཀོད་སྒྲིག་དང་རེ་བ་ལག་བསྟར་ནན་མོ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་མཐའ་གཅིག་ཏུ་བློ་དཀར་ཞིང་དཀའ་སྤྱད་སྡུག་རུས་སྒོས་དམག་འཐབ་ནུས་པ་མཐོར་འདེགས་སུ་བཏང་བ་དང་། སྒྲིག་ལམ་དམ་པའི་སྤྱོད་ཚུལ་ལེགས་སྒྱུར་བྱས་ལ། དམག་དམངས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་བ་དང་། ལྷག་པར་དུ་མིན་ཡོན་གྱི་ས་ཡོམ་རྒུད་སྐྱོབ་དང་རྟ་ཐང་དུ་ཆུ་ལོག་བརྒྱུགས་པ་དང་རི་ཉིལ་བའི་ཉེན་སེལ་རྒུད་སྐྱོབ། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་བྱ་བའི་ཁྲོད་དུ་ནུས་པ་ཆེན་པོ་བཏོན་པ་དང་བྱས་རྗེས་གལ་ཆེན་བཞག་ཡོད།

ཁྲིན་ཀང་གིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་པ་དང་། དམག་འཛུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་དམག་ཁུལ་གྱི་རིམ་པ་སོ་སོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་དགོས་པར་མ་ཟད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ཐད་བཏོན་པའི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་དམག་ཨུའི་ཀྲུའུ་ཞིའི་འགན་ཁུར་ལམ་ལུགས་ལག་བསྟར་བཟང་བོ་བྱེད་དགོས་ལ། བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ། བྱ་བའི་དངོས་འབེབས་ནུས་པ་ཇེ་ཆེར་བཏང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཐོ་སྒང་དམག་སྒར་དུ་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་འགན་སྲུང་བྱེད་དགོས། དམག་དཔུང་གི་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་སྟོབས་ལྡན་དམག་དཔུང་གི་དགོངས་པ་སློབ་སྦྱོང་བྱེད་པ་དང་སྟོབས་ལྡན་དམག་དཔུང་གི་ལས་དོན་ལ་བྱས་རྗེས་འཇོག་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ཞིང་དམག་དཔུང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཇེ་ཆེར་གཏོང་དགོས་ལ། ཆབ་སྲིད་དག་ཐེར་སྦྱོང་བརྡར་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་བསྲང་སྒྲིག་གཅུན་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། དམག་དཔུང་གིས་ཏང་ལ་བློ་དཀར་བ་དང་སྟོབས་ལྡན་དམག་དཔུང་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། དམག་སྲིད་དམག་དམངས་མཐུན་སྒྲིལ་འཕེལ་རྒྱས་དང་སྲ་བརྟན་དུ་བཏང་སྟེ། ཤུགས་ཆེན་པོས་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་ལྡན་པའི་གོམས་སྲོལ་དར་སྤེལ་བྱེད་པ་དང་། འབད་བརྩོན་ལྷོད་མེད་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ནུས་པ་ཆེན་པོ་འདོན་དགོས་ལ། དཀའ་ཁག་དང་ཉེན་ཁ་སེལ་བའི་ལས་འགན་ཡོངས་འགྲུབ་བྱེད་པའི་ཐད་ལ་བྱས་རྗེས་འཇོག་པ། མི་དམངས་བདེ་སྐྱིད་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་པ་ལེན་དགོས། ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། ཧུར་ཐག་སྒོས་སྤྱི་ཚོགས་ཡོངས་སུ་དམག་མིར་བརྩི་འཇོག་བྱེད་པ་དང་རྒྱལ་སྲུང་ལ་སེམས་ཁུར་བྱེད་པ། སྟོབས་ལྡན་དམག་དཔུང་གི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས།

གྲོས་ཚོགས་ཀྱི་སྐབས་སུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི། ཆབ་སྲིད་ཨུ་ཡོན་དབྱི་ཧྲུའུ་ཆང་གིས་ཞིང་ཆེན་དམག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ལིའུ་ཀི་ཕིང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་རྣམ་རྒྱལ། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་ཞོར་དུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར་མཁན་དབྱང་ཁི་ཞང་བཅས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་སྟེང་ད་དུང་ཞིང་ཆེན་དམག་ཁུལ་གྱི་ཉིས་སྟོང་ཉེར་གཉིས་ལོའི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱས།

                                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།