ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། གྲོས་ཚོགས་ཀྱི་གྲོས་གཞིར་ཞིབ་བཤེར་བྱས་ནས་ཆེད་ཐོ་བཀོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཀྲིན་ཁྲང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
ཝང་ཀྲིན་ཁྲང་གིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོས་གཞིའི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་བྱ་བའི་ཤུགས་འདོན་ས་དང་། གྲོས་གཞིའི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་དེ་གྲོས་གཞི་སྡུད་སྒྲིག་དང་། ཞིབ་བཤེར། ཆེད་ཐོ་འགོད་པ་སོགས་ཀྱི་གོ་རིམ་ཡོངས་ཀྱི་ཁྲོད་དུ་དངོས་འབེབས་བྱེད་པར་དོ་སྣང་བྱས་ཏེ། ཆེད་ཐོ་བཀོད་ནས་གྲོས་མོལ་བྱེད་པའི་རྣམ་པ་དང་ཐབས་ལམ་རྒྱུན་ཆད་མེད་པར་གསར་གཏོད་དང་། སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་དགུས་སྐུལ་འདེད་བཏང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཁོངས་ཞུགས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་སྦྲེལ་ནས། བརྗོད་དོན་གནད་ལ་ཁེལ་ཞིང་རྟོག་ཞིབ་ནན་མོ་བྱས་པ་དང་། སྤྱི་ཡོངས་ལ་ཁེབས་པ་དང་མིག་རྒྱང་ཡོད་པ། ལག་བསྟར་བྱེད་རུང་བའི་གྲོས་གཞི་མང་པོ་བཏོན་ཏེ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད།
ཁོས་ནན་གྱིས་བསྟན་དོན། གྲོས་གཞི་བྱ་བ་ནི་མི་དམངས་སྲིད་གྲོས་ཀྱི་ཁྱོན་ཡོངས་རང་བཞིན་དང་རྨང་གཞི་རང་བཞིན་གྱི་ལས་དོན་ཞིག་ཡིན་ལ། སྲིད་གྲོས་ཀྱི་འགན་འཁྲི་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། སྲིད་གྲོས་ཀྱི་བྱ་བ་ལེགས་པོར་སྒྲུབ་ན་ངེས་པར་དུ་གྲོས་གཞི་བྱ་བའི་སྤུས་འདེགས་ཕན་བསྐྱེད་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་འཕེལ་རྒྱས་སྟེང་ཤུགས་འདོན་དགོས། གྲོས་གཞིའི་སྤུས་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་གྲོས་གཞི་དངོས་འབེབས་ཡོང་བར་རོགས་བྱེད་པ་དང་། གྲོས་གཞི་བྱ་བའི་ཏང་ཨུའི་ཇུས་ཆོད་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་ཀྱི་སེམས་ཁུར་ལ་ལན་སྟེར་བ། ལས་རིགས་སོ་སོའི་འདུ་ཤེས་གཅིག་སྡུད་བྱེད་པ། གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བ། ཇུས་ཆོད་དངོས་འབེབས་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བཟང་པོ་བྱེད་དགོས།
ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་གཞི་སུམ་བརྒྱ་དང་ཞེ་གསུམ་བསྡུ་ལེན་བྱས་པ་དང་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་ཉིས་བརྒྱ་དང་ང་ལྔར་ཆེད་ཐོ་བཀོད།
རིག་འཛིན་སྒྲོལ་མས་བསྒྱུར།