ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཨུ་ཡོན་བཅུ་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་བྱ་བར་དམིགས་ཏེ། རང་ཞིང་གི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་དང་ཡིད་འཇོག་བྱེད་པའི་གནད་དོན་གཙོ་བོའི་ཐད་ནས་བློ་འདོན་ཇུས་འབུལ་བྱས།
ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་རིན་ཆེན་རྣམ་རྒྱལ། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཝང་ཞོན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་དང་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་ལིའུ་ཁྲའོ། དེ་མིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་ལ་ཉན།
ཚོགས་ཆེན་སྟེང་། ཨུ་ཡོན་དབྱང་ཆི་ཧྥུའུ་ཡིས་རྨ་ཆུའི་མཚོ་སྔོན་བཞུར་ཁོངས་ཀྱི་ཆུའི་ཐོན་ཁུངས་དང་ཆུའི་བདེ་འཇགས་འགན་སྲུང་ནུས་པར་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་ཐད་ནས་གཏམ་བཤད་པ་དང་། ཨུ་ཡོན་ལིས་ཅུན་ཆའོ་ཡིས་ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་རྒྱལ་ཁོངས་བཅོས་སྐྱོང་ནུས་པ་མཐོར་འདེགས་སུ་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གཏམ་བཤད། ཨུ་ཡོན་རྡོ་རྗེ་ཡིས་མཐོ་སྒང་གསོ་རིག་ཞིབ་འཇུག་གྲུབ་འབྲས་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བར་འཚོལ་ཞིབ་བྱེད་པའི་ཐད་ནས་གཏམ་བཤད་པ་དང། ཨུ་ཡོན་ཚེ་རིང་སྒྲོལ་མས་རྒྱུན་མཐུད་སྒོས་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་ལ་ཤུགས་བསྣན་ཏེ་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གོམ་སྟབས་མྱུར་དུ་ཇེ་མགྱོགས་སུ་གཏོང་བའི་ཐད་ནས་གཏམ་བཤད། ཨུ་ཡོན་ཚའོ་ཀོང་ཁྲའོ་ཡིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཏེ་གྲོང་གསེབ་དར་སྤེལ་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐད་ནས་གཏམ་བཤད། གཞན་ད་དུང་ཨུ་ཡོན་ཀྲའོ་ཝེ་ཏུང་དང་ཧུའུ་ཅིན་ཧྲིན། ཝང་ཁུན། ཀྲུའུ་ཁྲུན་ཡུན། ཀུའུ་ཞོ་ཧིན། ཞེའོ་ཝེ་ཞིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།
བཀྲ་ཤིས་འབུམ་གྱིས་བསྒྱུར།