ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཡུས་ཚུང་ལི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་རྨ་ལྷོ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཡུས་ཚུང་ལི་ཡིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་ཕན་འབྲས་དངོས་ཐོབ་པའི་ངོས་ཟིན་གྱི་གྲུབ་འབྲས་དང་ལག་ལེན་གསོན་པོ་ཞིག་ཡིན་ལ། རྒྱུན་འཁྱོངས་དྲུག་གཅིག་བསྡུས་ཀྱིས་མངོན་པར་བྱས་ཡོད་དེ། གཅིག་ནི་ཆབ་སྲིད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་དང་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འབད་འཐབ་དམིགས་འབེན་གྱི་བརྒྱུད་རིམ་ཡོངས་དང་སྦྲེལ་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཆབ་སྲིད་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཡོངས་སུ་མངོན་པར་བྱས་ཡོད། གཉིས་ནི་བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱས་ཡོད། མིག་སྔར་ལ་རྐང་འཛུགས་པ་དང་མ་འོངས་པར་ཕྱོགས་པའི་འཐབ་ཇུས་བསམ་གཞིགས་དང་བྱ་བའི་བླང་བྱ་དང་སྦྲེལ་ཏེ། འདས་པའི་ལོ་ལྔའི་རིང་གི་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཐད་ནས་བླངས་པའི་འབུར་ཐོན་གྲུབ་འབྲས་ཡོངས་སུ་མངོན་པར་བྱས་ཡོད། གསུམ་ནི་བརྟན་འཇགས་ཡར་འཕེལ་རྒྱུན་འཁྱོངས་བྱས་ཡོད། སྔར་ལས་དོ་སྣང་བྱེད་དགོས་པ་དྲུག་གི་གཞི་རྩའི་བླང་བྱ་དང་སྦྲེལ་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་དང་དམ་པོར་སྦྲེལ་ནས། མ་འོངས་པའི་ལོ་ལྔའི་བྱ་བའི་བླང་བྱ་བཏོན་ཡོད། བཞི་ནི་མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཡོད། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་དང་སྦྲེལ་ཏེ། ཏང་གི་སྲིད་སྐྱོང་བསམ་བློ་དང་སྲིད་སྐྱོང་དད་མོས་མངོན་པར་བྱས་ཡོད། ལྔ་ནི་གཙོ་གནད་འབུར་ཐོན་རྒྱུན་འཁྱོངས་བྱས་ཡོད། ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཁྱད་ལྡན་དགེ་མཚན་དར་སྤེལ་བྱེད་པའི་ཚན་རིག་གི་སྙིང་སྟོབས་དང་སྦྲེལ་ཏེ། ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་དུས་བསྟུན་མདུན་སྐྱོད་ཀྱི་བྱ་བའི་རྣམ་པ་ཡོངས་སུ་མངོན་པར་བྱས་ཡོད། དྲུག་ནི་དམ་འཛིན་དངོས་སྒྲུབ་རྒྱུན་འཁྱོངས་བྱས་ཡོད། བློ་སེམས་དཀར་པོས་འགན་འཁྲི་སྒྲུབ་པ་དང་མི་དམངས་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་པའི་སྲིད་སྐྱོང་གཞུང་ལུགས་དང་ཁྲིམས་སྐྱོང་བླང་བྱ་དང་སྦྲེལ་ཏེ། ཞིང་ཆེན་སྲིད་གཞུང་གི་རང་སྟེང་འཛུགས་སྐྲུན་ཐད་བླང་བྱ་ཁ་གསལ་བཏོན་ནས། རང་གཅུན་སྒྲིག་དམ་གྱི་ཀུན་སྤྱོད་ཡག་པོ་དང་དམངས་ཀྱི་ཆེད་དུ་དངོས་གཉེར་སྤྱོད་གཙང་བྱེད་པའི་ཆབ་སྲིད་ཀྱི་ངོ་བོ་ཡོངས་སུ་མངོན་པར་བྱས་ཡོད།
ཡུས་ཚུང་ལི་ཡིས་བཤད་རྒྱུར། མ་འོངས་པའི་ལོ་ལྔ་ནི། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དམིགས་འབེན་ལས་འགན་དང་དམ་པོར་སྦྲེལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལས་དོན་ཁག་སོ་སོའི་ཁྲོད་དུ་དངོས་འབེབས་ཡོང་བར་བྱས་ཏེ། ཚོགས་ཆེན་གྱི་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་དེ་མི་དམངས་ཀྱིས་རེ་སྒུག་བྱེད་པའི་མཛེས་སྡུག་གི་འཚོ་བ་མངོན་འགྱུར་བྱེད་ཐབས་སུ་བརྩིས་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་ཞིང་མཚོ་སྔོན་གྱི་ཁྱད་རྟགས་མངོན་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་ལམ་ཞིག་བཏོད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།