ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མིས་མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་། ལོ་ཧྲིལ་བོའི་འཆར་འགོད་སྙན་ཞུ་དང་སྔོན་རྩིས་སྙན་ཞུ་དང་འབྲེལ་ཡོད་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས།
འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་ཡུལ་དངོས་ཀྱི་སྣང་ཚུལ་ཧ་ཅང་བཟང་བ་དང་། འཐུས་མི་ཚོས་ལང་ལོང་གིས་གཏམ་བཤད་ལ། རང་ཞིང་གི་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། འགྱུར་ལྡོག་གླེང་བ་དང་གྲོས་གཞི་བཏོན་ཞིང་འཆར་གཞི་གླེང་། ཚང་མས་མཐའ་གཅིག་ཏུ། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། འདས་པའི་ལོ་ལྔའི་བྱ་བའི་གྲུབ་འབྲས་ལ་སྤྱི་སྡོམ་ཆ་ཚང་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་གི་བྱ་བའི་བསམ་ཕྱོགས་དང2023ལོའི་ལས་འགན་གཙོ་བོ་བཏོན་པར་མ་ཟད། ཕྱོགས་བདུན་ཐད་ནས་བྱ་བ་གཙོ་བོར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། རང་ཞིང་གི་གནས་ཚུལ་དངོས་མཚོན་པར་བྱས་པ་དང་། མི་དམངས་ཀྱི་རེ་སྒུག་དང་མཐུན་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ཁ་ཕྱོགས་སྔར་ལས་གསལ་བོ་གཏན་ཁེལ་བྱས་ཟེར།
འཆར་འགོད་སྙན་ཞུ་དང་སྔོན་རྩིས་སྙན་ཞུ་ལ་གྲོས་ཞིབ་བྱེད་སྐབས། འཐུས་མི་ཚོས། སྙན་ཞུ་གཉིས་ཀྱིས2022ལོའི་བྱ་བར་སྤྱི་སྡོམ་དངོས་ཡོད་ཟོལ་མེད་བྱས་པ་དང་གཞི་གྲངས་ཞིབ་བདེན་ཡིན་ལ། ད་ལོའི་བྱ་བའི་དམིགས་འབེན་བཀོད་སྒྲིག་གསལ་བོ་དང་ལུགས་མཐུན་དངོས་གཉེར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱས། 2022ལོར། ཞིང་ཆེན་གོང་འོག་ཡོངས་ཀྱིས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གཅིག་འདོམས་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ཤིང་། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ལ། དཔལ་འབྱོར་ལུགས་མཐུན་བར་སྟོང་དུ་འཁོར་རྒྱུག་བྱས་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་བརླིང་ངང་ཇེ་མཐོར་སོང་ལ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། ལས་ཞུགས་དངོས་གོང་ཧ་ལམ་བརྟན་འཇགས་ཡིན་ལ། འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། མི་དམངས་ཀྱི་འཚོ་བར་ཕན་ཡོད་འགན་སྲུང་བྱས་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་བརྟན་འཇགས་སྲུང་འཛིན་བྱས། གྲུབ་འབྲས་ལེན་རྒྱུ་ལས་སླ་མོ་ཞིག་མིན་པས། གཅེས་སྤྲས་བྱེད་འོས་ཟེར།
འཐུས་མི་ཚོས་ལང་ལོང་གིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱས་ནས་སྔ་རྗེས་རྒྱུན་མཐུད་བྱེད་པའི་གནད་འགག་གི་ལོ་ཡིན་པས། དཔལ་འབྱོར་སྤྱི་ཚོགས་བྱ་བ་བཟང་བོར་སྒྲུབ་པར་དོན་སྙིང་ཆེན་པོ་ལྡན། སྐྱོད་ལམ་གསར་པའི་སྟེང་འགན་འཁྲི་གསར་པ་ཕྲག་ཏུ་ལེན་པ་དང་གྲུབ་འབྲས་གསར་པ་མངོན་པར་བྱེད་པ། ལས་འབྲས་གསར་པ་བསྐྲུན་པ་དང་། འཐུས་མིའི་འགན་ནུས་འདོན་སྤེལ་བྱེད་པ། མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་དངོས་གཉེར་བྱེད་པ། བློ་སེམས་རྩེ་གཅིག་གིས་རྔམ་བརྗིད་ཀྱི་འཆར་གཞི་དེ་མཛེས་སྡུག་གི་མངོན་སུམ་དུ་བསྒྱུར་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་དགོས།