མགོན་པོ་བཀྲ་ཤིས་དམངས་གཙོ་ཏང་ཁག་སོ་སོ་དང་ལས་རིགས་སོ་སོའི་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།
2023.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་དང་པོའི་ཚེས་བཅུ་བཞི་ཉིན།    ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་བློ་མཐུན་མགོན་པོ་བཀྲ་ཤིས་དམངས་གཙོ་ཏང་ཁག་སོ་སོའི་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ཏེ་ཨུ་ཡོན་རྣམས་དང་མཉམ་དུ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས།

གྲོས་ཞིབ་བྱེད་སྐབས་ཨུ་ཡོན་རྣམས་ཀྱིས་ལང་ལོང་སྒོས་གཏམ་བཤད།   མགོན་པོ་བཀྲ་ཤིས་ཀྱིས་གཟབ་ནན་གྱིས་ཉན་ཞོར་དུ་ཚང་མ་དང་བརྗེ་རེས་བྱས།   ཁོས་དམངས་གཙོ་ཏང་ཁག་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་བྱ་བ་སོ་སོར་སྐུལ་འདེད་གཏོང་བ་དང་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་སྲིད་གྲོས་ལས་དོན་གསར་གཏོད་དང་འཕེལ་རྒྱས་ཁྲོད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པ་དང་རྗེས་ཕྱོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རེ་བ་ནན་མོ་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར།   མི་དམངས་སྲིད་གྲོས་ནི་རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་བ་ལག་བསྟར་བྱེད་པའི་ཆབ་སྲིད་རྣམ་པ་དང་རྩ་འཛུགས་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་།   མཉམ་ལས་ལས་སྒྲུབ་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ།  དམངས་གཙོ་ཏང་ཁག་སོ་སོ་ནི་མི་དམངས་སྲིད་གྲོས་ཀྱི་ཁོངས་ཞུགས་སྡེ་ཁག་ཡིན།  ཞིང་ཆེན་སྲིད་གྲོས་ཀྱིས་ལོ་ལྔའི་རིང་བླངས་པའི་གྲུབ་འབྲས་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ།  དམངས་གཙོ་ཏང་ཁག་སོ་སོ་དང་ལས་རིགས་སོ་སོ།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་མཉམ་དུ་འབད་འཐབ་བྱས་པའི་འབྲས་བུ་ཡིན།   དམངས་གཙོ་ཏང་ཁག་སོ་སོ་རུ་མཚོ་སྔོན་ལ་བརྩེ་སེམས་ཡོད་པ་དང་ཆེད་ལས་ནུས་པ་དྲག་པ།   གནད་དོན་ཞིབ་འཇུག་ཡང་དག་དང་གཏིང་ཟབ་བྱེད་པའི་ཆེད་ལས་མཁས་ཅན་དང་ལག་རྩལ་མི་སྣ་མང་པོ་ཡོད།     འདས་ཟིན་པར་ཕྱིར་དྲན་བྱས་ཚེ།  དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།   མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན།   མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན།  དབུལ་ཐར་མཁྲེགས་གཏོར་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་སྲིད་ཞུགས་སྲིད་གླེང་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།   སྤྱི་ཚོགས་ལས་རིགས་སོ་སོའི་ཁས་ལེན་གང་ལེགས་ཐོབ་ཡོད།   མ་འོངས་པར།   དམངས་གཙོ་ཏང་ཁག་སོ་སོས་སྔོན་དང་འདྲ་བར་འགན་ནུས་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ་དང་།   དཀྱིལ་སྙིང་ལ་དམིགས་པ།  སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར།    ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཐེངས་བཅུ་བཞི་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས་ན།  ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།   གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱེད་དགོས་པ་དང་།    དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།   ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ།  སྤྱི་ཚོགས་ལས་རིགས་སོ་སོ་བཅས་ཀྱི་མཐུན་སྒྲིལ་རོགས་ལས་དང་ཐུན་མོང་འབད་བརྩོན་ལ་རག་ལས་ཡོད།   རང་ཞིང་གི་དམངས་གཙོ་ཏང་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པ་དང་།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དུ་སོང་བ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱེད་སྐབས་ཀྱི་གཏམ་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོ་དང་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ་གནས་བབ་ཆེན་པོ་དམ་འཛིན་གྱིས་དོན་ཆེན་ལ་གྲོས་ཞིབ་བྱེད་པ་དང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།   བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་གསར་སྐྲུན་བྱེད་པ་དང་།  མཚོ་སྔོན་གྱི་སྐྱེ་ཁམས་རིན་ཐང་དང་མཐོ་སྒང་གི་ཁམས་གསོ་དང་སྨན་བཅོས་སོགས་ཀྱི་ཐོན་ཁུངས་དགེ་མཚན་ཐད་ཀྱི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ།   སྲིད་ཞུགས་སྲིད་གླེང་བྱ་བའི་བརྒལ་གཏོར་བྱེད་ས་དང་ཤུགས་འདོན་ས་ཡང་དག་སྒོས་བཙལ་ཏེ་སྲིད་ཞུགས་སྲིད་གླེང་གནད་ལ་འཁེལ་བ་བྱེད་དགོས།   མི་དམངས་སྲིད་གྲོས་ཀྱི་ངོ་བའི་ངེས་གནས་དང་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲིའི་ལས་འགན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་ཏང་གི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་སྟེ་ཨུ་ཡོན་གྱི་སྲིད་གྲོས་བྱ་བའི་ཁྲོད་ཀྱི་བྱེད་ནུས་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་དགོས།

                                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།