ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་ཁབ་གློག་དྲ་ཀུང་ཟིའི་བྱ་བར་རྟོག་ཞིབ་བྱས་ཏེ། བརྙན་ལམ་ནས་གཞི་རིམ་གྱི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས། ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། གློག་ཤུགས་ནུས་ཁུངས་ཀྱི་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྔར་ལས་ཞབས་འདེགས་ཞུ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཐེངས་འདིའི་བྱེད་སྒོར་ཞུགས།
ལིས་ཁི་ཆང་གིས་བཤད་རྒྱུར། “རང་རྒྱལ་འདི་ཉིད་སྔར་བཞིན་བཟོ་ལས་ཅན་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ཁྲོད་གནས་ཡོད་པའི་དབང་གིས། ནུས་ཁུངས་ནི་རྨང་གཞིའི་ནང་གི་རྨང་གཞི་ཡིན། ནུས་ཁུངས་ཁྱབ་ཁོངས་ཀྱི་ཁྲོམ་ར་ཅན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ནུས་ཁུངས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། ནུས་ཁུངས་མཁོ་འདོན་གྱི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རྒྱལ་སྤྱིའི་ནུས་ཁུངས་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། དཔལ་འབྱོར་སྔར་ལས་ཇེ་བརྟན་དུ་གཏོང་བའི་སྲིད་ཇུས་དང་རྒྱུན་མཐུད་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ནས། ཁྲོམ་རའི་སྔོན་དཔག་དང་ཡིད་ཆེས་ཆེ་རུ་བཏང་སྟེ། ལས་ཞུགས་བརྟན་པོ་དང་དངོས་གོང་བརྟན་པོ་ཡོང་བར་ཤུགས་བསྣན་ནས། ད་ལོའི་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོང་བར་མགོ་ལེགས་པོ་ཞིག་རྩོམ་ཐུབ་དགོས་ཟེར།
ཧི་ལིས་ཧྥུན་དང་ཝང་ཡུང་། ཞའོ་ཅེ་བཅས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།