ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། 
2023.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། 

ཚོགས་ཆེན་ནས་མགོན་པོ་བཀྲ་ཤིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་དང་། རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥུན་ཧྲིན། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏཱ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡའོ་ཞང་བཅས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས། ལིའུ་ཏཱ་ཡེ་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས། ཝེ་ཞིན་ཧྭ་སོགས་བློ་མཐུན་རེ་དྲུག་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས། 

སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལ་བསྡོམས་པས་ཨུ་ཡོན་སུམ་བརྒྱ་གོ་གཅིག་ཡོད་པ་དང་། ཚོགས་འདུར་ཞུགས་ནས་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པའི་ཨུ་ཡོན་སུམ་བརྒྱ་དང་ཞེ་བཞི་ཡོད་ལ། ཁྲིམས་བཅད་ཀྱི་མི་གྲངས་དང་འཚམ། 

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། རིན་ཆེན་རྣམ་རྒྱལ། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥུན་ཧྲིན། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏཱ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡའོ་ཞང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད་པ་དང་། ཀྲང་ཞའོ་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། 

འདེམ་བསྐོའི་སྔོན་ལ་ཚོགས་ཆེན་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་འདེམ་བསྐོའི་བྱེད་ཐབས་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྤྱི་ཁྱབ་འདེམ་ཤོག་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་བའི་མིང་ཐོར་གྲོས་འཆམ་བྱུང་། འདེམ་བསྐོའི་བྱ་བས་འདེམ་བསྐོའི་བྱེད་ཐབས་དང་གཏན་འཁེལ་ལས་རིམ་བརྩི་སྲུང་བྱས་ཡོད་པ་དང་། མིང་མི་འགོད་པར་འདེམ་ཤོག་འཕེན་པའི་ཐབས་ཀྱིས་སྤེལ་བ་རེད། 

ཨུ་ཡོན་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་ལས་གསར་དུ་བདམས་ཐོན་བྱུང་བའི་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་ལ་རྟེན་འབྲེལ་ཞུས། 


བསོད་ནམས་ཚེ་རིང་གིས་བསྒྱུར།