ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཞིང་ལས་དང་ཁོར་ཡུག་ཐོན་ཁུངས། གྲངས་ཉུང་མི་རིགས། ཆོས་ལུགས་ལས་རིགས་ཀྱི་མཉམ་འབྲེལ་ཚན་ཁག་གི་གྲོས་བསྡུར་ལ་ཞུགས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ནས། སྲིད་གྲོས་ཀྱི་འགན་ནུས་དང་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། དངོས་གཉེར་ཇུས་གཞི་གང་མང་འདོན་དགོས་ལ། སྤོབས་པ་ཆེར་སྐྱེད་སྒོས་འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བར་བསྐྱོད་དགོས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་མགོ་འཛིན་པ་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས།
ཚོགས་ཐོག་ནས་ཨུ་ཡོན་ཝང་ཅན་དང་ཀྲའོ་ཧེ་ཞ། མཱ་ཡུའེ་ཞང་། ཝང་ཧྭ་ཕིང་། སྒར་བ་ངག་དབང་བཟང་བོ། ལ་ཧེ་ཆིན་བཅས་ཀྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་པ་དང་ཆུ་ཚད་མཐོ་བའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱ་བ། རྨ་ཆུའི་རིག་གནས་དང་ཡུལ་སྐོར་སོགས་ལ་དམིགས་ནས་གཏམ་བཤད། ཁྲིན་ཀང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་སྒོས་ཉན། ཁོས་བཤད་རྒྱུར། ཚང་མས་བཏོན་པའི་ལྟ་ཚུལ་དང་གྲོས་གཞི་ལ་དོན་སྙིང་གལ་ཆེན་ལྡན་པས། སྲིད་གྲོས་ནི་ཆེད་དོན་སྲིད་གྲོས་གྲོས་མོལ་སྒྲིག་གཞི་ཡིན་པའི་དམིགས་བསལ་ཁྱད་སྟོབས་མངོན་པར་བྱས་ཡོད་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སེམས་ཁུར་དང་ཡིད་ཆེས་བྱེད་པ་མཚོན་པར་བྱས་ཡོད་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་ཟབ་མོ་བྱེད་པ་དང་དང་ལེན་བཟང་བོ་བྱེད་ངེས་ཡིན། ཚང་མས་མུ་མཐུད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཐད་ལ་རིན་ཐང་བྲལ་བའི་བསམ་འཆར་དང་གྲོས་གཞི་འདོན་པར་དགའ་བསུ་ཞུ་ཟེར།
ཁྲིན་ཀང་གིས་ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད་དུ། སྲིད་གྲོས་ཀྱི་འཇོན་མི་སྣ་འཛོམས་དང་རིག་སྟོབས་གཅིག་སྡུད། འབྲེལ་འདྲིས་མང་བའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམ་པོར་སྦྲེལ་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་པ་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ཐད་ནས་ཀུན་གྱི་མདུན་དུ་བསྐྱོད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མ་ཟད། རྟོག་ཞིབ་ནན་མོ་བྱས་ཏེ་དངོས་གཉེར་དོ་དམ་བཀོལ་སྤྱོད་ཀྱི་ཇུས་གཞི་དང་གྲོས་གཞི་འདོན་པ་དང་། སྔར་ལས་བཟང་བའི་སྒོ་ནས་སྲིད་གྲོས་ལམ་ལུགས་ཀྱི་ཁྱད་སྟོབས་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་སྔོན་ཆད་དང་འདྲ་བར་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་འགན་ནུས་ལག་བསྟརགབྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཉམ་དུ་རིག་སྟོབས་དང་སྟོབས་ཤུགས་འདོན་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།
ཀྲུའུ་ཞང་ཧྥིན་དང་རིན་ཆེན་རྣམ་རྒྱལ། ཝང་ཀྲིན་ཁྲང་བཅས་གྲོས་བསྡུར་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།