རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པ་པེ་ཅིང་དུ་གྲོལ།
2023.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པ་པེ་ཅིང་དུ་གྲོལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གཏམ་བཤད།

ཚོགས་འདུའི་རིང་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཚོགས་འདུའི་ཡིག་ཆར་གྲོས་ཞིབ་ནན་ཏན་བྱས་ནས་གྲོས་མོལ་དང་གྲོས་བསྡུར་གཏིང་ཟབ་བྱས། ཚང་མ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་དང་། གྲོས་གཞི་བྱ་བའི་སྙན་ཞུའི་འཆར་ཟིན། སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་མ་ཡིག་བཅས་ལ་གྲོས་མཐུན་བྱུང་བར་མ་ཟད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་གདེང་འཇོག་མཐོན་པོ་བྱས། ཚང་མར་ངོས་འཛིན་གཅིག་མཐུན་བྱུང་ནས་བསྟན་དོན། ལོ་ལྔའི་རིང་ལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམ་དུ་དམིགས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་ནུས་ལྡན་བྱས་ཡོད།

ཝང་དབྱང་གིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ནི་རིམ་བཞིན་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་བཏང་བ་ཞིག་ཡིན་པའི་དབང་གིས། སྐབས་རེ་རེའི་སྲིད་གྲོས་ཨུ་ཡོན་གྱིས་མུ་མཐུད་འབད་འཐབ་བྱེད་དགོས། སྲིད་གྲོས་ཨུ་ཡོན་ནི་མཚན་སྙན་ཡིན་ལ་འགན་འཁྲིའང་ཡིན། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། སྲིད་གྲོས་བྱ་བའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ཟམ་མི་ཆད་པར་གོང་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། འཚོགས་ལ་ཉེ་བའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། གྲ་སྒྲིག་གི་ལས་དོན་ཁག་ཞིབ་མོའི་བློ་ཡིས་ལེགས་པར་བསྒྲུབ་ནས། ཚོགས་ཆེན་ལེགས་འགྲུབ་འབྱུང་བར་འགན་ལེན་ཏན་ཏིག་བྱེད་དགོས།

མཇུག་བསྡུའི་གྲོས་ཚོགས་སྟེང་དུ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་རྒྱུའི་སྐོར་གྱི་གཏན་འབེབས་དང་། ཚོགས་འདུའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་འཆར་ཟིནལ་གྲོས་འཆམ་བྱུང་བར་མ་ཟད། འཆར་ཟིན་དེ་དག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུའི་སྟེང་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་གཏན་འབེབས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།