ཝུའུ་ཞའོ་ཅུན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ལ་ཞུགས།
2023.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་དཔལ་འབྱོར་ལས་རིགས་དང་། བཟོ་ཚོང་ལས་རིགས་ཀྱི་མཉམ་འབྲེལ་གྲོས་སྡུར་ལ་ཞུགས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། དགེ་མཚན་འདོན་སྤེལ་དང་རིགས་སྟོབས་གཅིག་སྡུད་བྱེད་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས་པ་ནན་གྱིས་བསྟན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་མགོ་འཛིན་པ་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལིས་ཆིན་དང་། ལིས་ཡུང་ཀྲིན། ཧུ་ཧུང་པོ། སུའུ་ཞའོ་ལིས། བསོད་ནམས་དབང་ལྡན། ཝན་ཀོ་ཏུང་། ཧི་ཧྲིན། ལེ་ཡུས། དབྱང་ཁྲིན་ཚའེ། ལིའུ་ཀོ་ཝེ་བཅས་ཀྱིས་གཏམ་བཤད། ཝུའུ་ཞའོ་ཅུན་གྱིས་ཉན་ཞོར་དུ་ཟིན་བྲིས་བཏབ་པ་དང་ཨུ་ཡོན་རྣམས་དང་བསམ་ཚུལ་བརྗེ་རེས་བྱས། ཁོས་བཤད་རྒྱུར། ཚང་མས་སྲིད་གཞུང་བྱ་བའི་ཐད་ལྟ་བ་ཡང་དག་བཏོན་ཡོད་པས། ཞིང་ཆེན་སྲིད་གཞུང་གིས་ཕྱོགས་ཡོངས་ནས་དག་སྒྲིག་དང་། ཞིབ་འཇུག་ནན་མོ། དང་ལེན་ཧུར་ཐག་དང་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་བྱ་བ་དང་དམ་པོར་སྦྲེལ་ཏེ། བསམ་གཞིགས་ཟབ་མོ་དང་འཆར་འགོད་ཞིབ་མོ། གནད་ཁེལ་དོན་སྒྲུབ་བཅས་བྱས་ནས། ངེས་དོན་གྱི་གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་ཡོད། ང་ཚོས་གཏན་ཕབ་གཉིས་ལ་མཐའ་གཅིག་ུཏ་གོང་བཀུར་དང་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་ནས། འཕེལ་རྒྱས་གྲུབ་འབྲས་དམ་འཛིན་བྱེད་པའི་ཁྲོད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་།  འཕྲད་པའི་གནས་བབ་ལ་སྟངས་འཛིན་བྱེད་པའི་ཁྲོད་སྔར་ལས་རང་འགུལ་གྱི་བྱེད་ཕྱོགས་ཡོད་པ། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པའི་ཁྲོད་སྔར་ལས་འབད་འབུངས་ཡར་བརྩོན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཁྲོམ་རའི་གཙོ་གཞི་ནི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་འགག་ཡིན། གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱེད་དགོས། བྱ་བ་གཙོ་བོ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ་དང་། འཛད་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་པར་བྱེད་ནུས་ཧུར་ཐག་གིས་འདོན་པ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་ནུས་པ་ཧུར་ཐག་གིས་འདོན་པ། གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ནུས་པ་ཧུར་ཐག་གིས་འདོན་དགོས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཁྲོད་དུ་བརྒལ་གཏོར་སྔར་ལས་ཆེན་པོ་བྱས་ཏེ། གཞུང་ལུགས་གསར་གཏོད་དང་མཉམ་ལས་གསར་གཏོད་ལ་དོ་སྣང་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་དང་བར་སྟོང་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། བདག་གཉེར་དོ་དམ་ལེགས་སྒྱུར་བྱེད་ཚད་སྔར་ལས་མཐོར་འདེགས་སུ་བཏང་སྟེ། དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་བདག་གཉེར་དོ་དམ་ལ་ཤུགས་སྣོན་པ། ཉེན་ཁ་སྔོན་འགོག་དང་ཉེན་ཁ་སེལ་བ་བཅས་བྱས་ནས། ཁེ་ལས་ཀྱི་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་བྱེད་ཕྱོགས་སྔར་ལས་བཟང་པོ་བཏོན་ཏེ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་འཁྲི། སྐྱེ་ཁམས་འགན་འཁྲི་བཅས་སྔར་ལས་ལག་བསྟར་བཟང་པོ་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྲིད་ཇུས་དངོས་འབེབས་བྱེད་པར་ཤུགས་སྣོན་པའི་བྱེད་ཐབས་སྤྱོད་པ་དང་། ཁེ་ལས་ཀྱི་འགན་འཁྲི་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་སྤྱོད་པ། གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་པར་ཤུགས་སྣོན་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱེད་པར་ཐབས་ཤེས་སྤྱད་དེ། ཞབས་ཞུ་འགན་སྲུང་བྱ་བ་ནུས་ཤུགས་ཡོད་དགུས་ལེགས་པོར་སྒྲུབ་རྒྱུ་ཡིན།

ཀྲང་ཞའོ་རུང་དང་། མཱ་ཧྥིན་ཧྲིན་གྲོས་ཚོགས་ལ་ཞུགས།

                                                                          རིག་འཛིན་སྒྲོལ་མས་བསྒྱུར།