ཝང་ཧུའུ་ཉིང་རྒྱལ་ཡོངས་ཆོས་ལུགས་ཚོགས་པའི་འགན་ཁུར་བས་ལུགས་རྙིང་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས།
2023.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་རྒྱལ་ཡོངས་ཆོས་ལུགས་ཚོགས་པའི་འགན་ཁུར་བས་ལུགས་རྙིང་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་ལུགས་རྙིང་ལོ་སར་ལ་མཉམ་དུ་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་བྱས་ཏེ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།

ཝང་ཧུའུ་ཉིང་གིས་ཆོས་ལུགས་ཚོགས་པ་སོ་སོའི་ཉིས་སྟོང་ཉེར་གཉིས་ལོའི་བྱ་བར་ཁས་ལེན་གང་ལེགས་བྱས་ནས། ཉིས་སྟོང་ཉེར་གསུམ་ལོའི་བྱ་བར་རེ་བ་ནན་མོ་བཏོན། ཝང་ཧུའུ་ཉིང་གིས་བསྟན་དོན། རྒྱལ་ཡོངས་ཆོས་ལུགས་ཚོགས་པ་སོ་སོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཆོས་ལུགས་ལས་དོན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་རང་བདག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་བྱ་བ་གཏིང་ཟབ་ཅིང་ཞིབ་ཚགས་ལྡན་པའི་ངང་བསྒྲུབ་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལྟ་བུ་ཡིན་པས། ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྔར་སྲོལ་བཞིན་ཆོས་ལུགས་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས། དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།