ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་གྱིས་ཚན་ཆུང་བགོས་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས།
གྲོས་སྡུར་ཡུལ་དངོས་ཀྱི་སྣང་ཚུལ་ཧ་ཅང་བཟང་བ་དང་། ཨུ་ཡོན་ཚོས་སྔ་རྗེས་སུ་གཏམ་བཤད། ཨུ་ཡོན་ཚོས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱེད་སྐབས་བསྟན་དོན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུ་ཡི་ཆབ་སྲིད་ལངས་གནས་མཐོ་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དྲག་པོ་ལྡན་ལ། ཚིག་བསྡུས་ཤིང་དོན་ཟབ་པ་དང་གཞི་གྲངས་ཕུན་སུམ་ཚོགས་ལ། གྱོད་གཞི་དཔེ་མཚོན་ལྡན་པ་དང་། འདས་པའི་ལོ་ལྔའི་རིང་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་ལ་སྤྱི་སྡོམ་བྱས་པར་མ་ཟད། དེའི་ཐད་གནས་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་བྱས། འདས་པའི་ལོ་ལྔའི་ནང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྲུན་གོ་གནས་དང་པོར་བཞག་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ནན་མོ་བྱས་ལ། རང་ཞིང་གི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ་དང་ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱེད་པའི་བླ་མེད་འགན་འཁྲི་ལག་བསྟར་བྱས་པས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་ངེས་ཅན་བླངས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་བྱས་པ་དང་། ཁྲིམས་འཛིན་གྱི་སྤུས་ཚད་དང་ལས་ཆོད། སྤྱི་རྟོན་ནུས་པ་མངོན་གསལ་སྒོས་ཇེ་མཐོར་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག ཨུ་ཡོན་ཚོས། འདས་པའི་ལོ་ལྔའི་ནང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་དཀྱིལ་སྙིང་བྱ་བར་དམིགས་ནས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དྲང་གཞག་སྒོས་ཁྲིམས་འཛིན་པ། དམངས་ཀྱི་ཆེད་དུ་ཁྲིམས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། དུས་རབས་གསར་བའི་ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཁྲི་དང་ཁག་ཁུར་མངོན་པར་བྱས་ལ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་དམིགས་འབེན་མངོན་པར་བྱས་ཡོད་ཟེར།
ཨུ་ཡོན་ཚོས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པའི་ཞོར་དུ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན། ཨུ་ཡོན་ཚོས། 2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱུན་མཐུད་ངང་བསམ་བློ་བརྗེ་རེས་དང་དག་སྲུང་གསར་གཏོད་བྱེད་པ། སྙིང་སྟོབས་ཆེར་སྐྱེད་སྒོས་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་དང་ལྡན་པའི་ཁྲིམས་འཛིན་ཞབས་ཞུ་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར། ཨུ་ཡོན་ཚོས་བསྟན་དོན། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་ནན་མོ་བྱས་ཏེ། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་རིག་སྟོབས་གཅིག་ཏུ་བསྡུ་བ། མི་སེམས་གཅིག་ཏུ་བསྡུ་བ། སྟོབས་ཤུགས་གཅིག་ཏུ་བསྡུ་བ་བཅས་བྱེད་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།