ལིས་ཁི་ཆང་གིས་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་མཉམ་དུ་ལུགས་རྙིང་ལོ་སར་གྱི་བཞུགས་མོལ་ཚོགས་འདུ་བསྡུས།
2023.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ལུགས་རྙིང་ལོ་སར་སླེབས་ལ་ཡོད་པའི་སྐབས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་པེ་ཅིང་དུ། ཀྲུང་གོ་རུ་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མིར་བྱམས་བརྩེའི་ངང་ཐུག་འཕྲད་བྱས་ནས། དེ་འབྲེལ་གྱི་བཞུགས་མོལ་བྱས་ནས་བསམ་བློ་བརྗེ་རེས་བྱས།

ལིས་ཁི་ཆང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལ་ལུགས་རྙིང་ལོ་སར་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་སྨོན་འདུན་ཞུས་ཏེ། ཚང་མས་དུས་ཡུན་རིང་པོར་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཀྲུང་གོ་སྲིད་གཞུང་གི་ལས་དོན་ལ་བློ་འདོན་ཇུས་འབུལ་བྱེད་རྒྱུའི་རེ་བ་ཡོད་ཅེས་བཤད། ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མི་མང་པོས་གཏམ་བཤད།

ལིས་ཁི་ཆང་གིས་ཀྲུང་གོས་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་ནི་ལས་འགན་གཙོ་བོ་ཡིན་ལ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་ལ་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲོམ་ར་ཅན་གྱི་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ།གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་རྒྱུན་འཁྱོངས་བཅས་བྱས་ཏེ། ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་ཁེ་དབང་ལ་སྲུང་སྐྱོབ་སྔར་ལས་གང་ལེགས་བྱས་ནས། དམངས་གཉེར་དཔལ་འབྱོར་གྱི་ཡིད་ཆེས་འཕེལ་བར་བྱེད་དགོས། ཀྲུང་གོས་སྔོན་ཐོན་གྱི་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་པ་དང་། རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་མཉམ་ལས་སྔར་ལས་རྒྱ་ཁྱབ་ངང་སྤེལ་ནས། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་སྔར་ལས་གང་མང་ཀྲུང་གོར་བྱ་བ་སྒྲུབ་པར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། བྱ་བའི་ཆོག་འཐུས་དང་ཤེས་ལྡན་མི་སྣའི་ཐོངས་མཆན་དང་གནས་སྡོད་མཚམས་འཇོག་གི་སྲིད་ཇུས་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ། ཁྲལ་འབབ་དང་ཉོ་སྒྲུབ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། བུ་ཕྲུག་སློབ་གྲྭར་སྐྱེལ་བ་སོགས་ཀྱི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས། ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣས་བློ་བདེ་མོའི་ངང་ཀྲུང་གོ་རུ་བྱ་བ་སྒྲུབ་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

ཝང་དབྱི་དང་ཧི་ལིས་ཧྥུན། ཞའོ་ཅེ་སོགས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།