ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་ལུགས་རྙིང་ལོ་སར་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ།
2023.01.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་ལུགས་རྙིང་ལོ་སར་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ།

ལུགས་རྙིང་ལོ་སར་ཐོན་ལ་ཉེ་དུས། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཁོང་ཡུང་དང་། དབྱང་ཧྥིན་ཁྲུན། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ་བཅས་ཀྱིས་ཆེད་ལས་མཁས་པ་དང་། ཏང་ཕྱིའི་མི་སྣའི་འཐུས་ཚབ་པ། ངལ་རྩོལ་དཔེ་ལེགས་ཅན། དམག་ཁོངས་ནས་ཕྱིར་བུད་པའི་དཀའ་ཁག་ཅན་གྱི་དམག་མི། དཀའ་ཁག་ཅན་གྱི་ཏང་ཡོན། དཀའ་ཁག་ཅན་གྱི་མང་ཚོགས། དབང་བོ་སྐྱོན་ཅན་མི་སྣ། དྲག་ཆས་ཉེན་རྟོག་དམག་མི། གཞི་རིམ་འཐབ་ཕྱོགས་དང་པོའི་སྤྱི་བདེ་ཉེན་རྟོག་པ། དུས་ཆེན་སྐབས་སུ་ལས་གནས་བརྟན་སྲུང་བྱེད་པའི་གཞི་རིམ་ལས་བྱེད་མི་སྣ་བཅས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་བ་བསྐྱལ་ནས། དུས་ཆེན་གྱི་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས།

ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་ཆེད་ལས་མཁས་པ་དང་ཏང་ཕྱིའི་མི་སྣའི་འཐུས་ཚབ་པ། ངལ་རྩོལ་དཔེ་ལེགས་ཅན་བཅས་ལ་འཚམས་འདྲི་བྱེད་དུས། ཁོ་ཚོས་བླ་མེད་ཀྱི་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུས་པ་དང་། ཚང་མས་མཐུན་སྒྲིལ་འབད་འཐབ་ཀྱི་འདུ་ཤེས་གཅིག་སྡུད་བྱས་ཏེ། ཆེད་ལས་མཁས་པའི་བློ་གྲོས་འདོན་སྤེལ་དང་ངལ་རྩོལ་པའི་སྙིང་སྟོབས་དར་སྤེལ་བྱས་ནས། མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་རོགས་བྱས་ཏེ་སྐྱོད་ལམ་གསར་བར་བསྐྱོད་དགོས་ཟེར། དམག་ཁོངས་ནས་ཕྱིར་བུད་པའི་དཀའ་ཁག་ཅན་གྱི་དམག་མི་དང་། དཀའ་ཁག་ཅན་གྱི་ཏང་ཡོན། དཀའ་ཁག་ཅན་གྱི་མང་ཚོགས་དང་དབང་བོ་སྐྱོན་ཅན་མི་སྣ་བཅས་ལ་འཚམས་འདྲི་བྱེད་དུས། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་ཁོ་ཚོ་ཐོན་སྐྱེད་འཚོ་བའི་ཁྲོད་འཕྲད་པའི་དཀའ་ཁག་དང་གནད་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཁོ་ཚོས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་དཀའ་སྐྱིད་དང་སྤྲོ་སེམས་འཁོལ་བའི་ངང་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བར་སྐུལ་སློང་བྱས།དཀའ་ཁག་ཅན་གྱི་ཁེ་ལས་དང་ལས་བཟོ་བར་མཚམས་འདྲི་བྱེད་དུས། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་ནན་ཏན་གྱིས་རྒྱུས་ལོན་བྱས་ཏེ། ལས་བཟོ་བའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་རྒྱུས་ལོན་བྱས་ལ། ཚང་མས་འགག་སྒྲོལ་དཀའ་སེལ་དང་ངར་ཤུགས་གཅིག་སྒྲིལ་བྱེད་པར་སྐུལ་མ་བཏང་ནས། ཁེ་ལས་ཀྱི་སྔར་མེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་། གཞི་རིམ་འཐབ་ཕྱོགས་དང་པོའི་ལས་བྱེད་པ་དང་གཞི་རིམ་ཏང་གི་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱེད་དུས། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་ཁོ་ཚོ་དང་མཉམ་དུ་བརྩེ་བས་གླེང་མོལ་བྱས་ཏེ། མི་དམངས་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། དུས་ནམ་ཡང་མང་ཚོགས་ཀྱི་མྱུར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་སེམས་ལ་བཟུང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་གང་ལེགས་སྒྲུབ་དགོས་པ་ནན་གྱིས་བསྟན། དུས་ཆེན་སྐབས་སུ་ལས་གནས་བརྟན་སྲུང་བྱེད་པའི་ལས་བྱེད་མི་སྣར་འཚམས་འདྲི་བྱེད་དུས། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་ཁོ་ཚོས་རང་ཉིད་ཀྱི་བདེ་འཇགས་དང་བདེ་ཐང་ལ་དོ་སྣང་གང་ལེགས་བྱས་ཏེ། དུས་ཆེན་སྐབས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་དགུས་ལེགས་པོར་སྒྲུབ་དགོས་པའི་སྐུལ་མ་བཏང་། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་མཚོ་སྔོན་དུ་སྡོད་པའི་དྲག་ཆས་ཉེན་རྟོག་དམག་དཔུང་དང་། གཞི་རིམ་འཐབ་ཕྱོགས་དང་པོའི་སྤྱི་བདེ་ཉེན་རྟོག་པར་འཚམས་འདྲི་བྱེད་དུས། ཁོ་ཚོས་དུས་ཡུན་རིང་བོར་རང་ཞིང་གི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ཐད་བྱས་རྗེས་ཧུར་ཐག་བཞག་པར་བཀའ་དྲིན་ཆེ་ཞུས་པ་དང། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། གྲུབ་འབྲས་གསར་བ་ལེན་པ་དང་བྱས་རྗེས་གསར་བ་འཇོག་པའི་རེ་བ་བཏོན།

མཚམས་འདྲིའི་ཁྲོད། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་དང་སེམས་ཤུགས་གཅིག་སྒྲིལ། རིགས་སྟོབས་གཅིག་སྡུས་བཅས་བྱས་ཏེ། ནུས་ཤུགས་ཡོད་དགུས་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱས་ནས། སྔར་ལས་བདེ་སྐྱིད་ཀྱི་མ་འོངས་པ་འབད་པས་བསྐྲུན་དགོས་པའི་བླང་བྱ་བཏོན།

                                                                           རིག་འཛིན་སྒྲོལ་མས་བསྒྱུར།