ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་དང་པོ་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁེའུ། ལིའུ་ཏ་ཡེ། གསེར་ཁྲི.ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་དང་དབྱང་ཁི་ཞང་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པའི་མིང་ཐོ་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པའི་ཆོད་དོན། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པའི་མིང་ཐོ་བཅས་ལ་གྲོས་འཆམ་བྱུང་།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ནི་སྲིད་གྲོས་ཏང་ཙུའུ་རྩ་འཛུགས་ཀྱི་གནད་འགག་གྲངས་ཉུང་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་རྒྱུན་མ་ཆད་པར་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་རྐང་འཛིན་སྟོབས་ཤུགས་ཡིན་པས། ཚང་མས་སྲིད་གྲོས་རྒྱུན་ཨུའི་ཆབ་སྲིད་ཀྱི་མཚན་སྙན་ལ་རྒྱུས་ལོན་བྱེད་པ་མ་ཟད་གཅེས་སྤྲས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གྲོལ་བའི་ཚོགས་ཆེན་སྟེང་གི་གཏམ་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། ནམ་ཡང་རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པའི་བསམ་ཚུལ་བརྟན་སྲུང་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ཐད་སེམས་ཤུགས་གང་ཡོད་འདོན་པ་དང་། ཏང་དང་མི་དམངས་ལ་སྐབས་གསར་བའི་སྲིད་གྲོས་རྒྱུན་ལས་ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་བྱེད་པའི་ཐད་ཀྱི་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། སློབ་སྦྱོང་ལ་ཤུགས་སྣོན་པ་དང་ལངས་གནས་མཐོར་འདེགས་གཏོང་བའི་ཐད་ནས་མིག་དཔེ་བྱེད་པ་དང་། སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཇུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ། རང་རྟོགས་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ལེན་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་དང་ནམ་ཡང་བློ་གཅིག་སེམས་གཅིག་དང་བློ་གཅིག་ཕྱོགས་མཚུངས། བློ་གཅིག་མཉམ་སྐྱོད་བྱེད་དགོས། འགན་འཁྲི་ལག་བསྟར་བྱེད་པ་དང་ཁག་ཁུར་འབད་འཐབ་བྱེད་པའི་ཐད་ནས་མིག་དཔེ་བྱེད་པ་དང་། སྣེ་ཁྲིད་དེ་སྲིད་གྲོས་ཀྱིས་འགན་སྒྲུབ་བྱེད་པའི་བྱ་འགུལ་སྤེལ་བ། རང་འགུལ་གྱིས་སྲིད་ཞུགས་སྲིད་གླེང་ཐད་བསམ་གཞིགས་གཏོང་བ། རང་ཉིད་ཀྱི་ལས་རྐང་ཁྱད་ཆོས་དང་དགེ་མཚན་ལ་ཟུང་འབྲེལ་བྱེད་པ། ལོ་ཧྲིལ་བོའི་འགན་སྒྲུབ་ལས་འགན་ཡོངས་འགྲུབ་བྱས་ཏེ། གྲོས་མོལ་ཇུས་འབུལ་བཟང་བོ་བྱེད་དགོས། བདེན་འཚོལ་དངོས་གཉེར་དང་སྤུས་འདེགས་ནུས་བསྐྱེད་ཐད་ནས་མིག་དཔེ་བྱེད་པ་དང་། སྣེ་ཁྲིད་དེ་བདེན་ལུགས་བརྟན་སྲུང་བྱེད་པ་དང་དྲང་བདེན་རྒྱུན་འཁྱོངས་བྱེད་པ། བདེན་འཚོལ་དངོས་གཉེར་དང་བདེན་འཛིན་དངོས་སྒྲུབ་ཀྱི་བྱ་བའི་སྤྱོད་ཚུལ་དར་སྤེལ་གཏོང་བ། རྟོག་ཞིབ་ཞིབ་འཇུག་དང་གྲོས་འདོན། བློ་འདོན་ཇུས་འབུལ་གྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་དེ་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་ཁ་ཕྱོགས་གལ་ཆེན་དུ་བརྩིས་ནས། སྲིད་ཞུགས་གནད་ལ་འཁེལ་བ་བྱེད་པ་དང་སྲིད་གླེང་གནད་འགག་ཏུ་བྱེད་དགོས། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་ནས་མིག་དཔེ་བྱེད་པ་དང་། སྣེ་ཁྲིད་དེ་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་དམངས་གཙོ་དར་སྤེལ་གཏོང་བ། དམངས་གཙོ་གྲོས་མོལ་དང་འདྲ་མཉམ་གྲོས་ཞིབ་ཀྱི་བྱ་བའི་རྩ་དོན་ལག་བསྟར་བྱེད་པ། མཐུན་སྒྲིལ་ཆེན་པོའི་འདུ་ཤེས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་མི་དམངས་སྲིད་གྲོས་དེ་མཐུན་སྒྲིལ་གྱི་ཁྱིམ་གཞི་དང་དམངས་གཙོའི་ཁྱིམ་གཞི། འཆམ་མཐུན་གྱི་ཁྱིམ་གཞི་རུ་འཛུགས་སྐྲུན་བྱེད་དགོས། སྒྲིག་ལམ་བརྩི་སྲུང་བྱེད་པ་དང་སྤྱོད་གཙང་སྲོལ་བཟང་ཐད་ནས་མིག་དཔེ་བྱེད་པ་དང་། སྣེ་ཁྲིད་དེ་རྩ་དོན་བརྟན་སྲུང་བྱེད་པ་དང་སྒྲིག་ལམ་བརྟན་སྲུང་བྱེད་པ། རྩ་ཁྲིམས་བཅའ་ཁྲིམས་བརྩི་སྲུང་ནན་མོ་བྱེད་པ། སྲིད་གྲོས་ཀྱི་སྒྲིག་ཡིག་བརྩི་སྲུང་བྱེད་པ། ཀུན་སྤྱོད་སྦྱོང་བརྡར་བྱེད་པ། སྤྱོད་གཙང་རང་གཅུན་ལག་བསྟར་བྱས་ནས། རང་ཉིད་ཀྱི་སྣང་བརྙན་བཟང་བོ་འཛུགས་པ་དང་དེར་གཅེས་སྤྲས་དང་སྲུང་སྐྱོང་བྱེད་དགོས།