ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་སྟེ། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་། མི་རིགས་སོ་སོའི་མི་དམངས་རྣམས་ལ་སྐུ་གཟུགས་བདེ་ཐང་དང་ཁྱིམ་ཚང་འཆམ་མཐུན། བྱ་གཞག་ཡར་ཐོན། ཚེ་རིང་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུས་ཤིང་། རླབས་ཆེན་གྱི་མེས་རྒྱལ་དར་རྒྱས་གོང་འཕེལ་དང་རྒྱལ་ཁབ་དར་རྒྱས་དང་མི་དམངས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཚའེ་ཆི། ཏེན་ཞུའེ་ཞང་བཅས་ཀྱིས་ཀྱང་འཚམས་འདྲི་གནང་རོགས་བྱས།
ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མ་རུ། ཧེ་ལུང་ཅང་དང་ཧྥུའུ་ཅན། ཞིན་ཅང་། ཧི་ནན། པེ་ཅིང་། སི་ཁྲོན་སོགས་ས་ཁུལ་གྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་བརྙན་ལམ་ནས་འབྲེལ་གཏུག་བྱས་ཏེ། རིམས་འགོག་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣ་དང་ཕན་བདེ་ཁང་གི་ལོ་ཆེ་བའི་གྲོགས་པོ། ནུས་ཁུངས་མཁོ་འདོན་འགན་ལེན་ཁེ་ལས་ཀྱི་ལས་མི། མྱུར་བགྲོད་ལྕགས་ལམ་ས་ཚིགས་ཀྱི་ལས་བྱེད་ལས་བཟོ་བ། ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་བཟོ་ཚོང་ཁྱིམ་ཚང་དང་མང་ཚོགས། གྲོང་གསེབ་དང་གཞི་རིམ་གྱི་ལས་བྱེད་མང་ཚོགས་བཅས་ལ་འཚམས་འདྲི་གནང་ནས། ཚང་མར་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་བསྐྱལ།
ས་ཆ་སོ་སོའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་དང་དགའ་འབོད་ཀྱི་ཁྲོད་དུ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ལོ་སར་གྱི་སྐབས་སུ་ངས་སེམས་སུ་ལྷག་ཏུ་འཁོར་ཡོང་བ་ནི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཡིན། ལོ་རེའི་ལོ་སར་གྱི་སྔོན་ལ། ང་གཞི་རིམ་དུ་སོང་ནས་ཚང་མར་ཁ་བརྡ་བྱས་ཏེ། ཚང་མར་དཀའ་ངལ་ཅི་ཞིག་ཡོད་པར་ལྟ་བཞིན་ཡོད་ལ། ཚང་མར་ལོ་གསར་པའི་ནང་འཆར་གཞི་ཅི་ཞིག་ཡོད་པར་ཉན་ནས། ཚང་མ་དང་མཉམ་དུ་ལོ་སར་དགའ་བས་བསུ་བཞིན་ཡོད། ད་ལོར་བརྙན་རིས་ཀྱི་རྣམ་པ་སྤྱད་པས་ས་ཆ་སྔར་ལས་མང་པོ་མཐོང་ཐུབ་ལ། ཡུལ་དངོས་སུ་ཐོན་མ་ཐུབ་ནའང་རྒྱལ་ཡོངས་ཀྱི་ས་ཆ་སོ་སོས་ལོ་སར་བསུ་བའི་རྣམ་པ་ཉམས་སུ་མྱོང་ཐུབ་ལ། ཚང་མའི་བདེ་སྐྱིད་དང་དགའ་སྤྲོ་ཉམས་སུ་མྱོང་ཐུབ། ངའི་སེམས་ནི་ནམ་ཡང་ཚང་མ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་མཉམ་དུ་འབྲེལ་ཡོད། འདིར་ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཚང་མར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ལ། སྔར་བཞིན་བྱ་བའི་ལས་གནས་སྟེང་དཀའ་སྤྱད་འབད་བརྩོན་བྱེད་བཞིན་པའི་བློ་མཐུན་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས་པ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། གནམ་གང་དང་ལོ་སར་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཡིན་ལ། ཁྱིམ་མི་ལྷན་འཛོམས་བྱུང་ནས་ལོ་རྙིང་ཕར་སྐྱེལ་ཞིང་ལོ་གསར་བ་ཚུར་བསུ་བའི་དགའ་སྤྲོའི་ཉིན་མོ་རེད། ངའི་སེམས་འདུན་ཆེས་ཆེན་པོ་ནི་ཚང་མས་དགའ་དགའ་སྤྲོ་སྤྲོས་ལོ་བཟང་བོ་སར་རྒྱུ་དེ་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དུས་ཆེན་སྐབས་སུ་གློག་དང་སོལ་རླངས། དྲོད་རླངས་བཅས་མཁོ་འདོན་བྱེད་པར་དངོས་སུ་འགན་སྲུང་བྱས་ཏེ། སྔོ་ཚལ་དང་འབྲས། སིལ་ཏོག་བཅས་ཀྱི་མཁོ་འདོན་དམ་འཛིན་བྱས་ཏེ། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་པ་དང་། ལྷག་པར་དུ་དུས་རིམ་གསར་པའི་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱེད་པ་དང་། ཐོལ་བྱུང་དོན་རྐྱེན་དང་བདེ་འཇགས་དོན་རྐྱེན་སྣ་ཚོགས་འགོག་ཟོན་བྱས་ཏེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་དགའ་སྐྱིད་བདེ་འཇགས་དང་བརྟན་འཇགས་སྤྲོ་དགའི་ལོ་ཞིག་སར་བར་ཁག་ཐེག་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི། ཆེས་སྤྱིར་བཏང་མིན་ལ་ཆེས་སླ་མོ་མིན་པའི་ལོ་ཞིག་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། འཐབ་ཕྱོགས་ཁག་ཚང་མར་གྲུབ་འབྲས་གསར་པ་བླངས་ཡོད། ཚང་མས་བྱས་རྗེས་བཞག་ཡོད་པས་མི་ཚང་མ་དཔེ་མི་སྲིད་པའི་ཡག་པོ་རེད། ལོ་གསར་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། ཚང་མས་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས། སེམས་ཤུགས་གཅིག་སྒྲིལ་གྱི་སྒོ་ནས་འབད་བརྩོན་བྱས་ཏེ། ལོ་གསར་པའི་ནང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ་དང་གྲུབ་འབྲས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་ནན་གྱིས་གསུངས།
ལིའུ་གོ་ཀྲུང་དང་སུན་ཁྲུན་ལན། ཧི་ལིས་ཧྥུན་བཅས་དང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་འཚམས་འདྲི་གནང་རོགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།