ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དགུ་ཉིན་བར་དུ། ཅང་སུའུ་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནན་ཅིང་དུ་འཚོགས་ཤིང་། ཚོགས་ཐོག་ནས་ཅང་སུའུ་ཞིང་ཆེན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་བདམས་ཐོན་བྱུང་བ་དང་། ཅང་སུའུ་རུ་འདེམས་བསྐོའི་ཁྲོད་ཞུགས་པའི་ཀྲུང་དབྱང་གིས་མིང་འདོན་བྱས་པའི་འཐུས་མིའི་འོས་མི་བློ་མཐུན་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིར་བདམས་ཐོན་བྱུང་།
ཟླ་དང་པོའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། ཅང་སུའུ་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས། ཅང་སུའུ་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་བརྒྱ་དང་ཞེ་བཞི་བདམས་ཐོན་བྱུང་། ཚོགས་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱེད་སྐབས། འཐུས་མི་ཡོངས་ཡར་ལངས་ནས་འབྲུག་སྟོང་ལྡིར་བ་ལྟ་བུའི་ཐལ་མོའི་རྡེབ་སྒྲ་ཚོགས་ར་ཡོངས་སུ་གྲགས་པར་མ་ཟད། ཚོགས་ར་ཡོངས་དགའ་བས་བརྟས། འཐུས་མི་ཚོས་སེམས་འགུལ་ཚད་མེད་ཐེབས་པའི་ངང་ནས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེར་མཉམ་དུ་བདེན་དཔང་བྱས།
འཐུས་མི་ཚོས་གཅིག་རྗེས་གཅིག་མཐུད་ངང་འདོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཅང་སུའུ་རུ་འདེམས་བསྐོའི་ནང་ཞུགས་ནས། འདེམས་ཤོག་ཆ་ཚང་ཐོབ་ནས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིར་བདམས་ཐོན་བྱུང་བའི་གཏམ་བཟང་འཁྱེར་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་བཅས་ལ་སྔར་ལས་ཤུགས་བསྣན་ནས། ཀྲུང་གོའི་ལུགས་ཀྱི་ཀྱི་དེང་རབས་ཅན་གྱི་ཅང་སུའུ་ཡི་ལག་ལེན་གསར་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དམ་དུ་དམིགས་ཏེ་ཀུན་གྱི་མདུན་གྲལ་དུ་སྐྱོད་པ་དང་འགན་ཆེན་པོ་འཁུར་བ། ལེགས་སྐྱེས་མང་ཙམ་འབུལ་བ་བཅས་བྱས་ནས། བྱ་སྤྱོད་དངོས་དང་གྲུབ་འབྲས་ཆེན་པོར་བརྟེན་ནས་ལས་འགན་གསར་པ་འཁུར་བ་དང་ལེའུ་གསར་པ་རྩོམ་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།