ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ་དམག་དཔུང་གི་དམག་འཐབ་གྲ་སྒྲིག་ལ་ཞིབ་བཤེར་གནང་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་དང་གྲ་སྒྲིག་དམག་མི་བཅས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།
2023.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 80

ལུགས་རྙིང་ལོ་སར་སླེབ་ལ་ཉེ་བའི་སྐབས་ཀྱི་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོའི་ནང་བརྙན་ལམ་ནས་དམག་དཔུང་གི་དམག་འཐབ་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་གནང་བ་དང་། འབྲེལ་ཡོད་དམག་དཔུང་ལ་བྱམས་བརྩེའི་ངང་འཚམས་འདྲི་ཞུས་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་དང་གྲ་སྒྲིག་དམག་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པར་མ་ཟད། ཁོ་ཚོར་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས་འབྲེལ་ཡོད་དམག་དཔུང་ལ་བརྙན་ལམ་ནས་ཁ་པར་བཏང་རྗེས།  དམག་དཔུང་གི་དམག་འཐབ་གྲ་སྒྲིག་ལས་ཀར་ཁས་ལེན་གང་ལེགས་བྱས་ནས་ནན་གྱིས་བསྟན་དོན། ལུགས་རྙིང་ལོ་སར་སླེབས་ལ་ཡོད་པས། དམག་ཡོངས་ཀྱི་དམག་དཔུང་གིས་དམག་འཐབ་གྲ་སྒྲིག་གི་ལས་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། ཅིས་ཀྱང་འཁུར་དགོས་པའི་ཉེན་སེལ་གནོད་སེལ་སོགས་དཀའ་ཁག་ཆེ་བའི་ཉེན་ཁ་དང་ཉེན་ཁ་ཆེ་བའི་ལས་འགན་ལྕི་མོ་ཡོངས་འགྲུབ་ཡག་པོ་བཅས་བྱས་ནས། རྒྱལ་ཡོངས་མི་དམངས་ཚང་མས་སྤྲོ་སྣང་དང་འཆམ་མཐུན། བདེ་འཇགས་བཅས་ཀྱི་སྒོ་ནས་ལུགས་རྙིང་ལོ་སར་སྐྱིད་པོ་ཞིག་རོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་དུས་མཚུངས་སུ། གཅིག་གྱུར་འཆར་འགོད་ཡག་པོ་བྱ་རྒྱུར་དོ་སྣང་བྱས་ཏེ། དཔོན་དམག་གི་དུས་ཆེན་རིང་གི་འཚོ་བར་བཀོད་སྒྲིག་ཡག་པོ་བྱེད་དགོས།

ཀྲང་ཡིའུ་ཞ་དང་ཧི་ཝེ་ཏུང་། ལིས་ཧྲང་ཧྥུའུ། ལིའུ་ཀྲིན་ལིས། མེའོ་ཧྭ། ཀྲང་ཧྲིན་མེན་སོགས་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།