ཞིང་ཆེན་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།
2023.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་དང་པོའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་གྲོལ་རྗེས། ཞིང་ཆེན་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད།

གྲོས་ཚོགས་སྟེང་བསྟན་དོན། ཐེངས་འདིའི་ཚོགས་ཆེན་གཉིས་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་ཕྱོགས་ཡོངས་ནས་བསྐྲུན་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་རེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་ལས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་འདོད་མོས་མངོན་པར་བྱས་ལ། དེ་ང་ཚོས་བཞག་པའི་དམ་བཅའ་ཡིན་པ་མ་ཟད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་ཡི་གེའང་ཡིན་པས། བཤད་པར་ཡིན་རྟོན་རུང་བ་དང་སྒྲུབ་པར་གྲུབ་འབྲས་ཡོད་པར་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ཀྱིས་དངོས་འབེབས་དམ་འཛིན་བྱས་ནས་དམ་བཅའ་རེ་རེ་བཞིན་དུ་མངོན་འགྱུར་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  སྔར་ལས་རང་རྟོགས་ཀྱིས་ཆབ་སྲིད་གླེང་བ་དང་།གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་རྟོན་བཞི་ཇེ་བརྟན་དང་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ཏེ། དུས་ནམ་ཡང་ཆབ་སྲིད་ཁ་ཕྱོགས་དམ་འཛིན་དང་ཆབ་སྲིད་འགན་འཁྲི་ཁག་ཁུར། ཆབ་སྲིད་ནུས་པ་མཐོར་འདེགས་བཏང་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་བསྐྲུན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུངས་བཤད་དགོངས་དོན་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ། ཆབ་སྲིད་སྟེང་དཔྱད་ཞིབ་དང་སྤྱི་ཡོངས་ཁྲོད་རང་རྟོགས་ཀྱི་འགུལ་སྐྱོད་ཡོད་པར་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་གྲུབ་འབྲས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པར་མགོ་བཟང་པོ་ཞིག་རྩོམ་པ་དང་གོམ་པ་ཡག་པོ་ཞིག་སྤོ་བར་སྐུལ་འདེད་གཏོང་དགོས། སྔར་ལས་ཕན་འབྲས་ལྡན་པའི་སྒོ་ནས་བྱ་བར་སྐུལ་འདེད་བཏང་སྟེ། དུས་ཚོད་དམ་འཛིན་བྱེད་པའི་བྲེལ་མྱུར་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། གོམ་པ་སྤོས་པ་ནས་མགོ་བརྩམས་པའི་ཡར་བརྩོན་རྣམ་འགྱུར་བཟུང་ནས། ནུས་ཤུགས་སྔར་ལས་ལྷག་པ་དང་བྱེད་ཐབས་སྔར་ལས་བཟང་པོས་སྔོན་དཔག་དུས་སྐབས་བརྟན་པོ་བཟོ་བ་དང་། ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་།  ཐབས་བརྒྱ་ཇུས་སྟོང་གིས་ལས་དོན་ཁག་སོ་སོ་དངོས་སྒྲུབ་དམ་འཛིན་བྱེད་པ། དུས་ཚིགས་དང་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ནུས་ཤུགས་ཡོད་དགུས་ལེགས་པོར་སྒྲུབ་པ། དཔལ་འབྱོར་ལུགས་མཐུན་བར་སྟོང་དུ་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱས་ནས། སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་དང་ལུགས་མཐུན་གྱིས་འཕར་སྣོན་བྱེད་པ་མངོན་འགྱུར་བྱེད་དགོས། སྔར་ལས་ནུས་ལྡན་གྱིས་དངོས་འབེབས་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བསམ་བཀོད་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ་དང་། མིག་རྒྱང་རིང་བའི་ཇུས་གཞི་མང་པོ་འཆར་འགོད་དང་གཞི་རྩ་བརྟན་པའི་བྱེད་ཐབས་མང་པོ་ལག་བསྟར་བྱེད་པ། ལྟ་ཞིབ་སྐུལ་སློང་ལ་ཤུགས་སྣོན་དང་རྗེས་འདེད་འདྲི་རྟོགས་ཇེ་དྲག་ཏུ་གཏོང་བ། དུས་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲི་ཁུར་སེམས་དང་ཧུར་ཐག་གི་ཁག་ཁུར་བྱེད་པའི་སྙིང་སྟོབས་བཅངས་ནས། སྲིད་གཞུང་བྱ་བའི་སྙན་ཞུས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་དང་ལས་དོན་ཁག་སོ་སོ་དངོས་འབེབས་བཟང་པོ་བྱེད་དགོས། སྔར་ལས་རང་འགུལ་བྱེད་ཕྱོགས་སུ་བསྒྱུར་ཏེ། ལས་སྒྲུབ་སྙིང་སྟོབས་སྔར་ལས་མཐོ་བ་དང་དངོས་སྒྲུབ་དམ་འཛིན་རྒྱུན་འཁྱོངས་བྱེད་པ། དུས་རབས་ཀྱི་བྱེད་ཕྱོགས་གསར་བ་གསོ་སྐྱོང་བྱས་ནས་བདེན་འཚོལ་དངོས་གཉེར་དང་གསར་གཏོད་རྒྱ་སྐྱེད་གཏོང་བ། འགན་འཁྲི་སེམས་སུ་ཉར་བ་དང་ཁག་ཁུར་རང་སྟེང་དུ་ཡོད་པ། ལས་འགན་ལག་བསྟར་བྱས་ཏེ། ཕྱོགས་སོ་སོའི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཀོལ་སྤྱོད་ལེགས་པོ་བྱས་ནས། སྲིད་གཞུང་ལས་དོན་ཁག་གིས་རྣམ་པ་གསར་བ་མངོན་པར་སྐུལ་འདེད་དང་བྱེད་ཕྱོགས་གསར་བ་མངོན་འགྱུར་བྱས་ནས་གྲུབ་འབྲས་གསར་བ་ལེན་དགོས།

གྲོས་ཚོགས་སྟེང་བླང་བྱ་བཏོན་དོན། ལུགས་རྙིང་ལོ་སར་སླེབས་ལ་ཉེ་བས། དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་བདེ་འཇགས་སེམས་ལ་འཛིན་པ་དང་། རིམས་ནད་འགོག་སྡོམ་དང་ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་འགན་སྲུང་། བདེ་འཇགས་ཐོན་སྐྱེད། རིན་གོང་བརྟན་འཇགས་སོགས་ཀྱི་བྱ་བ་གཅིག་གྱུར་གྱིས་དམ་འཛིན་གང་ལེགས་བྱས་ཏེ། ལས་རེས་ལས་སྲུང་ཇེ་དྲག་ཏུ་བཏང་ནས། རིགས་སོ་སོའི་མང་ཚོགས་ལ་སྤྲོ་སྐྱིད་དང་བདེ་ཐང་གི་དུས་ཆེན་ཞིག་རོལ་ཏུ་འཇུག་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཝང་ཧེ་ཧུང་བཅས་གྲོས་ཚོགས་ལ་ཞུགས།

                                                                                                   རིག་འཛིན་སྒྲོལ་མས་བསྒྱུར།