ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་བསྡོམས་པས་འཐུས་མིས་བཏོན་པའི་གྲོས་གཞི་སུམ་བརྒྱ་དང་བཅུ་བཞི་འབྱོར།
2023.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་སྐབས་སུ། ཞིང་ཆེན་དམངས་ཆེན་གྱི་འཐུས་མིས་རྩ་ཁྲིམས་དང་བཅའ་ཁྲིམས་ནང་བཏོན་པའི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱིས་ཡིད་འཇོག་བྱེད་པའི་དཀའ་གནད་སེལ་བའི་གནད་དོན་གཅིག་སྡུད་བྱས་ཏེ། ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས།

ཟླ་དང་པོའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཚན་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་ཆེན་མ་གྲོལ་བའི་བར་དུ་བསྡོམས་པས་འཐུས་མིས་བཏོན་པའི་གྲོས་གཞི་སུམ་བརྒྱ་དང་བཅུ་བཞི་འབྱོར། སྤྱི་བསྡོམས་དང་རིགས་བགར་བྱས་པ་བརྒྱུད། འཐུས་མིའི་གྲོས་གཞིའི་ཁྲོད་དུ་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་བཅས་ཀྱི་རིགས་དགུ་བཅུ་ཡོད་པ་དང་། བཟོ་ལས་འགྲིམ་འགྲུལ་རྨང་གཞི་འཛུགས་སྐྲུན་གྱི་རིགས་དོན་གཉིས་ཡོད་ལ། སྤྱི་ཚོགས་དོ་དམ་དང་གཞན་པའི་རིགས་ལྔ་བཅུ་ཡོད་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་རིགས་སོ་དགུ་ཡོད་པ་དང་། ཞིང་ཕྱུགས་ཀྱི་རིགས་སོ་གཅིག་ཡོད་པ། ནོར་སྲིད་དཔལ་འབྱོར་གྱི་རིགས་སོ་གཅིག་དང་། མི་རིགས་ཆོས་ལུགས་ཀྱི་རིགས་གཅིག་བཅས་ཡོད།

འཐུས་མིས་གྲོས་གཞི་བཏོན་པ་ནི་འཐུས་མིས་འགན་འཁྲི་ལག་བསྟར་བྱེད་པའི་རྨང་གཞི་དང་དུས་རྒྱུན་གྱི་བྱ་བ་གཙོ་བོ་ཡིན་པ་དང་། འཐུས་མིའི་གཙོ་གཞིའི་གོ་གནས་ལ་བརྩི་འཇོག་བྱེད་པ་དང་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཚོགས་ཆེན་གྱི་གྲོས་གཞིའི་ཞིབ་བཤེར་ཚན་ཁག་གིས་བསྡུ་ལེན་བྱས་པའི་འཐུས་མིའི་གྲོས་གཞི་ལ་རིགས་བགར་ཞིབ་ཕྲ་དང་ལེགས་སྒྲིག་བྱེད་པ་དང་། ཞིབ་འཇུག་གཏན་འཁེལ་དང་དུས་ཐོག་ཏུ་དྲ་རྒྱ་དང་ཡིག་ཆ། གྲོས་ཚོགས་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཐག་གཅོད་པར་སྤྲོད་བྱེད་རྒྱུ་ཡིན་པར་མ་ཟད་སྒྲུབ་འགན་ལ་ལྟ་རྟོག་བྱེད་པའི་བྱ་བའི་རྐྱེན་སྲོལ་ལྟར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོ་སོ་དང་། ཞིང་ཆེན་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོར་སྤྲད་དེ་ཞིབ་འཇུག་བྱས་ནས་སྒྲུབ་འགན་ལྟ་རྟོག་གི་འཐུས་མིའི་གྲོས་གཞི་འདོན་པ་དང་། ཀྲུའུ་རིན་གྲོས་ཚོགས་ལ་སྤྲད་ནས་གཏན་འཁེལ་བྱེད་དགོས་ལ། འཐུས་མིའི་གྲོས་གཞི་ལ་མྱུར་དུ་རིགས་བགར་བ་དང་གནད་ལ་འཁེལ་བར་བྱས་ནས་ཐག་གཅོད་བཟང་བོ་བྱེད་པར་བརྩོན་ལེན་བྱེད་རྒྱུ་རེད།

                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།