ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལུགས་རྙིང་ལོ་སར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནང་།
2023.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 114

ཟླ་དང་པོའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཉིས་སྟོང་ཉེར་གསུམ་ལོའི་ལུགས་རྙིང་ལོ་སར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མེན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས།

ཞི་ཅིན་ཕིང་གིས་མི་འགྱངས་པར་གྱེས་བརྡ་གཏོང་ལ་ཉེ་བའི་ཆུ་སྟག་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ནས་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན། འགྱུར་ལྡོག་ཧ་ཅང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་གསུམ་གྱི་ལས་འགན་གྱི་མདུན་དུ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། འབྲུག་འཁྱུག་སྟག་མཆོང་གི་ངར་ཤུགས་དང་སྟག་ཚང་དུ་འཛུལ་ཕོད་པའི་ངར་ཤུགས། བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས་བཅས་ལ་བརྟེན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་བརྩམས་ཡོད་ཅེས་གསུངས།

ལིས་ཁི་ཆང་གིས་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏིན་ཞུའེ་ཞང་། ལིས་ཞི། ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས།

མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཚོམས་ཆེན་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ལས་རིགས་ཁག་གི་མི་སྣ་མཉམ་འཛོམས་ཀྱིས་ལུགས་རྙིང་ལོ་སར་དུས་ཆེན་ལ་བསུ་བ་བྱས་ཏེ། འཁྲུག་ཆ་དོད་ལ་སྤྲོ་སྣང་ལྡན་པའི་དུས་ཆེན་གྱི་རྣམ་པས་ཁེངས།

སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ་དགའ་སྤྲོའི་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོམས་ཆེན་དུ་ཕེབས་ནས། ཚང་མར་ཕྱག་གཡུག་གཡུག་གིས་གུས་ལན་དང་ཕན་ཚུན་འཚམས་འདྲི་ཞུས་པ་ན། ཚོགས་ར་ཡོངས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁྱབ།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། འདས་ཟིན་པའི་ལོ་གཅིག་གི་རིང་ལ། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བརྗིད་ཉམས་ཆེ་བའི་འཆར་གཞི་གཏན་ལ་ཕབ་ཡོད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱས་པ། དཔལ་འབྱོར་བརྟན་པོ་ཡོང་བར་བྱས་པ། འཕེལ་རྒྱས་གཏོང་བ་དང་བདེ་འཇགས་ཡོང་བར་བྱེད་པའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ། འབྲུ་རིགས་ལ་ལོ་ལེགས་ཆེན་པོ་བྱུང་བ། ལས་ཞུགས་དང་དངོས་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱས་པ། དམངས་འཚོར་འགན་ལེན་ཏན་ཏིག་བྱས་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ། ཚན་རྩལ་གྱི་སྐོར་ནས་གྲུབ་འབྲས་ཡང་ཡང་ཐོབ་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བར་གོམ་སྟབས་བརྟན་པོ་སྤོས་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་བཅས་བྱས་ཡོད། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ནད་དུག་གི་འགྱུར་ལྡོག་དང་རིམས་འགོག་གནས་བབ་ལ་གཞིགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཡོང་བར་ཚད་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོབ་བྱས་པར་བརྟེན། དཔལ་འབྱོར་དང་སྤྱི་ཚོགས། འཚོ་བ་བཅས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། ང་ཚོས་པེ་ཅིང་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་དང་། འཛམ་གླིང་ལ་སྟབས་བདེ་དང་བདེ་འཇགས། ལྟད་མོ་ཆེ་བ་བཅས་ཀྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཕུལ་ཡོད། ང་ཚོས་ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉེར་ལྔ་འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་པ་དང་། ཞང་ཀང་དང་ཨའོ་མེན་གྱི་དར་རྒྱས་དང་བརྟན་ལྷིང་མུ་མཐུད་དུ་སྲུང་འཛིན་བྱས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཁ་བྲལ་ལ་ངོ་རྒོལ་དང་ཐེ་གཏོགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གལ་ཆེན་སྤེལ་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་རང་འགུལ་དབང་ཆར་སྟངས་འཛིན་ནན་མོ་བྱས་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་སྤེལ་ཤུགས་ཆེན་བཏང་བ་དང་། གྲོགས་པོ་རྒྱ་ཁྱབ་ཏུ་བསྒྲིགས་ཏེ་ཟིང་ཆ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལ་བརྟན་ལྷིང་གི་རང་བཞིན་ཁ་སྣོན་བྱས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ལོ་གཅིག་གི་གྲུབ་འབྲས་ནི་ལས་སླ་མོའི་ངང་ཐོབ་པ་ཞིག་མིན་པར། དེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་འཐབ་དང་ལས་སྒྲུབ། འབད་འཐབ་བཅས་བྱས་པ་ལས་བྱུང་བ་ཞིག་ཡིན། ལག་ལེན་གྱི་ཐོག་ནས་ཏང་དང་མི་དམངས་དུས་ནམ་ཡང་མཉམ་དུ་ལངས་པ་དང་བསམ་ཕྱོགས་གཅིག་ལ་གཏོད་པ། མཉམ་དུ་སྒྲུབ་པ་བཅས་བྱས་པ་ཡིན་ན། གཞི་ནས་འགལ་རྐྱེན་ཅི་འདྲ་ཞིག་གིས་ཀྱང་ང་ཚོའི་ངར་ལྕགས་ལྟ་བུའི་སྙིང་སྟོབས་ལ་གཡོ་འགུལ་གཏོང་མི་ཐུབ་པ་དང་། དཀའ་ངལ་གང་འདྲ་ཞིག་གིས་ཀྱང་ང་ཚོའི་གོམ་སྟབས་བརྟན་པོ་འགོག་མི་ཐུབ་པ་ར་སྤྲོད་བྱས་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་པས། རེ་བ་དང་འགྲན་སློང་མཉམ་དུ་གནས་ཡོད། ང་ཚོས་དཔལ་འབྱོར་བརྟན་པོ་ཡོང་བར་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་བརྟན་པོའི་ངང་ཡར་རྒྱས་ཡོང་བར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་དུ་སྤེལ་བ། དཔལ་འབྱོར་འཁོར་སྐྱོད་ཁྱོན་ཡོངས་ནས་ལེགས་འགྱུར་ཡོང་བར་བརྩོན་པ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ང་ཚོས་ཡིད་ཆེས་བརྟན་པོ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པ་ཡིན་ན། གཞི་ནས་སྐྱོད་ལམ་གསར་པའི་སྟེང་དུ་མགོ་ཡག་པོ་ཞིག་རྩོམ་ཐུབ་པར་ཐེ་ཚོམ་མེད་ཅེས་གསུངས།

ཞི་ཅིན་ཕིང་གིས་བགྲོད་ལམ་ཇི་ལྟར་ཆེ་ན་དངོས་སྒྲུབ་ནི་དེ་བས་ཀྱང་གལ་འགངས་ཆེན་པོ་ཡིན། སྐྱོད་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན་པས། དམིགས་སར་སླེབས་པར་མྱུར་ལམ་མེད་པར་དངོས་སྒྲུབ་ཁོ་ནས་འགྲུབ་པར་བྱེད་དགོས། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་དང་སྟོང་བསམ་ཁོ་ན་མི་འཛིན་པ། སྟོང་གཏམ་ཁོ་ན་མི་བཤད་པ། དོན་དངོས་ལ་བརྩི་འཇོག་བྱེད་པ། ཆོས་ཉིད་དང་མི་འགལ་བར་བྱེད་པ། རྨོངས་ཚོད་ཀྱིས་ལས་དོན་མི་སྒྲུབ་པ། བདེན་འཚོལ་དོན་གཉེར་བྱེད་པ། ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ། ཕྱི་ཚུལ་གྱི་བཟོ་ལྟ་མི་སྟོན་པ་དང་མི་ནུས་བཞིན་དུ་ནུས་མདོག་མི་སྟོན་པ། བྱ་སྤྱོད་སྤེལ་མཁན་གྱིས་རྟག་ཏུ་བྱ་བ་སྒྲུབ་པ་ཡིན་ན། ལོ་རྒྱུས་ཀྱིས་བྱ་བ་དངོས་སྒྲུབ་མཁན་གྱི་རེ་བ་སྟོང་ཟད་དུ་གཏོང་མི་སྲིད། ང་ཚོས་དངོས་སྒྲུབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བསྐྲུན་ཡོད་ལ། ད་དུང་དངོས་སྒྲུབ་ལ་བརྟེན་ནས་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ཡོས་བུ་ལ་བཀྲ་ཤིས་པའི་ཡོས་བུ་དང་ཟླ་བའི་ལྷ་མོའི་པང་གི་ཡོས་བུ་ཞེས་འབོད་སྲོལ་ཡོད་ཅིང་། ཡོས་བུས་སྤྱང་གྲུང་ལྡན་པ་དང་དྭངས་གཙང་སེམས་བཟང་། ཁུ་སིམ་མཛེས་སྡུག་བཅས་མངོན་པར་མཚོན་ཐུབ། བཀྲ་ཤིས་པའི་ཡོས་བུ་ཡིས་བཀྲ་ཤིས་ལེགས་ཚོགས་མ་ལུས་བསྩོལ་ཐུབ་ལ། དེས་ཀྲུང་ཧྭ་ས་གཞི་སྔར་ལས་ཞི་བདེ་དང་སྤྲོ་སྣང་འཕེལ་བ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་རྣམ་པ་མཚོན་ཐུབ། ལུགས་རྙིང་གི་ཡོས་ལོའི་ནང་རྒྱལ་ཡོངས་མི་དམངས་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཡོས་བུ་ནང་བཞིན་མགྱོགས་མྱུར་ངང་ལས་རིགས་ཁག་ཏུ་འབད་འབུངས་གང་ལེགས་བྱས་ནས་རང་རང་གི་འཇོན་ཐང་ངོམ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུའི་མགོ་ཁྲིད་བློ་མཐུན་དང་བློ་མཐུན་རྒན་པ་བཅས་ལྷན་འཛོམས་ཚོགས་འདུར་ཞུགས།

ལྷན་འཛོམས་ཚོགས་འདུར་ཞུགས་མཁན་ལ་ད་དུང་ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་སྡེ་ཁག་སོ་སོ་དང་དེ་བཞིན་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པའི་འཐུས་མི། གྲགས་ཅན་ཆེད་མཁས་པ་དང་མཁས་དབང་། དེ་བཞིན་རྒྱལ་སའི་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་ཡོད། རིག་རྩལ་ལས་བཟོ་པས་ལྷན་འཛོམས་ཚོགས་འདུའི་སྟེང་དུ་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།