ཁྲིན་ཀང་དང་ཝུའུ་ཞའོ་ཅུན་སོགས་ཞིང་ཆེན་གྱི་མགོ་ཁྲིད་པས་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པར་འཚམས་འདྲི་ཞུས། 
2023.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་དངོས་སུ་འཚམས་འདྲི་དང་ཁ་པར་འཚམས་འདྲི་བརྒྱུད་དེ་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་སངས་རྒྱས་སྐྱབས་དང་། པད་མར་འཚམས་འདྲི་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས། 

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་བློ་མཐུན་རྒན་པ་དང་སྙིང་ཉེ་བའི་གླེང་མོལ་བྱས་ཏེ། ཁོ་ཚོའི་འཚོ་བ་དང་ལུས་ཕུང་གི་གནས་ཚུལ་དྲིས་པ་དང་། ཁོ་ཚོར་མཚོ་སྔོན་གྱི་ལོ་གཅིག་རིང་གི་བྱ་བ་དང་མ་འོངས་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་སོགས་མཚམས་སྦྱོར་བྱས་པར་མ་ཟད། བློ་མཐུན་རྒན་པའི་བསམ་འཆར་དང་གྲོས་གཞིར་ཉན། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། བློ་མཐུན་རྒན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོངས་སྤྱོད་རྩ་ཆེན་ཞིག་ཡིན་ཞིང་། ད་ལྟའི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་བློ་མཐུན་རྒན་པ་དག་གི་རྔུལ་ཁྲག་དང་བློ་གྲོས་འདྲེས་ཡོད་པ་བསྙོན་མེད་ཡིན། བློ་མཐུན་རྒན་པ་དག་གིས་ལུས་ཕུང་བདེ་ཐང་སྲུང་འཛིན་བྱས་ཏེ་མུ་མཐུད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར། རོགས་རམ་བཅས་བྱས་ནས། རྩ་ཆེ་བའི་གྲོས་གཞི་མང་དུ་འདོན་དགོས་པའི་རེ་བ་བཏོན། ང་ཚོས་སྔར་བཞིན་དུ་བརྩེ་བ་རྣལ་མ་དང་སེམས་ཞིབ་མོས་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་ཏེ། ངེས་པ་དོན་གྱིས་བློ་མཐུན་རྒན་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་ངེས་ཡིན་ཟེར། 

སངས་རྒྱས་སྐྱབས་དང་པད་མ་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སེམས་ཁུར་དང་གཅེས་སྐྱོང་བྱས་པར་བཀའ་དྲིན་ཞུས་ཤིང་། གང་ནུས་ཀྱིས་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་བསམ་ཚུལ་བསྟན་པ་དང་། ལོ་གསར་བའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་ནས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། འབད་འཐབ་བརྩོན་ལེན་དང་དཔའ་བསྐྱེད་མདུན་སྐྱོད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་ནས་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བར་སྙིང་ཐག་པ་ནས་རེ་བ་ཞུས། 

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཁྲིན་རོས་ཧྥུན་དང་། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡའོ་ཞཱ། ཚེ་རིང་ཐར། ཝང་ལིན་ཧུའུ། ཝུའུ་ལཱ་ཙི་པེ་ཁི་རི་སུའུ་ལེ་ཧན། ཡེ་ཧྲུའུ་ཆང་བཅས་ཀྱིས་སོ་སོར་ཡའོ་ཞང་ཁྲིན་དང་། མུའུ་ཏུང་ཧྲིན། ལིས་མེན་ཅིན། ཧོས་ཝུན་ལིན། ཀྲང་ཡུས་ལིན། ཀྲའོ་ཡུང་ཀྲུང་། ལིས་ཡུས་ལན། ཅཱ་གོ་མེན། སངས་རྒྱས། གོ་རོའུ་ཀྲོའུ། ཚེ་ཅུའུ་ལི། ཀྲའོ་ཆི་ཀྲུང་། ཝང་ཞའོ་ཡུང་། ཡའོ་ཧྲི་ཧྲུའུ། ཧན་ཡུས་ཀོས། པའོ་དབྱེ་ཀྲི། ཅི་རིན་ཧྥུན་སོགས་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དང་དེ་མིན་ཞིང་ཆེན་དམག་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་པའོ་ཡན་ཀྲང་སོགས་ལ་འཚམས་འདྲི་ཞུས། 


བསོད་ནམས་ཚེ་རིང་གིས་བསྒྱུར།