ཟླ་དང་པོའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཉིས་སྟོང་ཉེར་གསུམ་ལོའི་ལུགས་རྙིང་ལོ་སར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གནང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མེན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས།
འདས་པའི་ལོ་གཅིག་གི་རིང་ལ། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཆེ་ཞིང་རྒྱལ་ནང་གི་བཅོས་སྒྱུར་དང་གོང་སྤེལ། བརྟན་ལྷིང་གསུམ་གྱི་ལས་འགན་ལྕི་ཞིང་དཀའ་ཚེགས་ཆེ། ཏང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་དུ་ལངས་པ་དང་མཉམ་དུ་བསམ་བློ་གཏོང་བ། མཉམ་དུ་ལས་ཀ་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་བརྩམས་ཡོད། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་ཞིང་། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་ང་ཚོའི་རྐང་འོག་ཏུ་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་དགོས།
ལུགས་རྙིང་ལོ་སར་གྱི་སྐབས་སུ། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་མི་སྣ་དང་ཕྱིར་སྡོད་རང་མི། ཕྱི་འགྲིམས་སློབ་མ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ལ་ཉན་རྗེས། རང་སེམས་ལ་དྲོད་ཁོལ་བསྩལ་བ་དང་ངར་སེམས་རྒྱས་པར་བྱས། ཚང་མས་འདོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། གཟི་བརྗིད་དང་ཕུགས་འདུན་ཟབ་མོ་ལྡན་པའི་སྐྱོད་ལམ་གསར་པའི་སྟེང་དུ། དཀའ་སྤྱད་སྙིང་རུས་དང་མུ་མཐུད་འབད་འཐབ་བྱས་ནས། སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།