མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་དང་འབྲེལ་བའི་སྨན་རྫས་དང་སྨན་བཅོས་མཁོ་ཆས་ཀྱི་རིན་གོང་བརྟན་པོ་དང་སྤུས་ཚད་འགན་ལེན་གྱི་ཆེད་དོན་བྱ་སྤྱོད་སྤེལ།
2023.01.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་དུས་འགོའི་བཀོད་སྒྲིག་དང་ལྟ་སྐུལ་ཞིབ་བཤེར་གྱི་རྨང་གཞིའི་སྟེང་དུ། 《ཞིང་ཆེན་ཡོངས་ཀྱི་རིམས་ནད་དང་འབྲེལ་བའི་སྨན་རྫས་དང་སྨན་བཅོས་མཁོ་ཆས་ཀྱི་རིན་གོང་བརྟན་པོ་དང་སྤུས་ཚད་འགན་ལེན་གྱི་ཆེད་དོན་བྱ་སྤྱོད་ཀྱི་ལས་ཀའི་ཇུས་གཞི》ཞེས་པ་དངོས་སུ་བཟོས་ནས་པར་འགྲེམས་བྱས་པ་དང་། ཟླ་དང་པོའི་ཚེས་བཅུ་ཅིག་ཉིན་ནས་ཟླ་དྲུག་པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་དུས་ཡུན་ལོ་ཕྱེད་ཀྱི་དུས་ཡུན་ནང་རིན་གོང་བརྟན་པོ་དང་སྤུས་ཚད་འགན་ལེན་གྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པར་མ་ཟད། དེ་འབྲེལ་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་ཕྱོགས་དྲུག་གི་ཐད་ནས་ཞིང་ཆེན་ཡོངས་ཀྱི་རིམས་ནད་དང་འབྲེལ་བའི་སྨན་རྫས་དང་སྨན་བཅོས་མཁོ་ཆས་ཀྱི་རིན་གོང་བརྟན་པོ་དང་སྤུས་ཚད་འགན་ལེན་གྱི་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས་ནས་ལས་སྒོ་སྤེལ།

རིན་གོང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཐད་ནས་ནད་ཡམས་དང་འབྲེལ་བ་ཡོད་པའི་དངོས་རྫས་ཀྱི་ཁྲོམ་རའི་རིན་གོང་གི་གནས་ཚུལ་ལ་དམ་པོར་དམིགས་ཏེ། ཚོང་གཉེར་བྱེད་མཁན་གྱི་རིན་གོང་གི་བྱ་སྤྱོད་ཚད་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གཏན་འབེབས་ལྟར་རིན་གོང་གསལ་པོར་མི་འགོད་པ་དང་རིན་གོང་ཧམ་སྤོར་བྱེད་པ། དཀོན་ཟོག་སྡེབ་གསོག་བྱེད་པ། རིན་གོང་འཕར་བའི་ཆ་འཕྲིན་རྫུན་བཟོ་བྱེད་པ། ཕན་ཚུན་ལྐོག་འབྲེལ་སོགས་ཀྱི་རིན་གོང་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ། རིམས་ནད་དང་འབྲེལ་བ་ཡོད་པའི་དངོས་རྫས་ཀྱི་ཚོང་རའི་རིན་གོང་བརྟན་པོ་དང་གོ་རིམ་ལྡན་པར་འགན་ལེན་བྱེད་དགོས།

ཚུལ་དང་མི་མཐུན་པའི་འགྲན་རྩོད་ལ་ངོ་རྒོལ་དང་བརྡ་ཁྱབ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ནས། རིམས་ནད་དང་འབྲེལ་བའི་སྨན་རྫས་དང་སྨན་བཅོས་མཁོ་ཆས་སོགས་ཚོང་ཟོག་གལ་ཆེན་ལ་དམ་པོར་དམིགས་ཏེ། རིམས་ནད་དང་འབྲེལ་བ་ཡོད་པའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་བརྡ་ཁྱབ་ལ་ཞིབ་བཤེར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། རྫུན་རྫུས་མཉམ་བསྲེས་དང་དྲིལ་བསྒྲགས་རྫུན་མ་སོགས་ཚུལ་མིན་ལུགས་མིན་གྱི་འགྲན་རྩོད་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ། དྲང་གཞག་ངང་ལྟ་སྐུལ་དོ་དམ་བྱས་ནས། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས།

དྲ་རྒྱའི་ཉོ་ཚོང་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཐད་ནས། དྲ་སྦྲེལ་ལས་སྟེགས་ཀྱི་ཁེ་ལས་ཀྱིས་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱར་བརྩི་སྲུང་ནན་མོ་ཞུ་རྒྱུར་སྐུལ་འདེད་དང་ཁྲིད་སྟོན་གང་ལེགས་བྱས་ནས། དྲ་ལམ་ཉོ་ཚོང་བྱས་ཆོག་པའི་ལག་ཁྱེར་མེད་བཞིན་དུ་ཚོང་གཉེར་བ་དང་ཁེ་དབང་ལ་བཙན་གནོད་བྱེད་པའི་ཚོང་ཟོག་རྫུན་མ་འཚོང་བ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་སྟེ། དྲ་རྒྱའི་ཁྲོམ་ར་བརྟན་པོ་དང་གོ་རིམ་ལྡན་པའི་ངང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཐད་ནས། སྨན་རྫས་དང་སྨན་བཅོས་ཡོ་བྱད་དང་འབྲེལ་བའི་གཙོ་གནད་ཐོན་རྫས་ཀྱི་གོ་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་མུ་མཐུད་ཤུགས་བསྣན་ནས། སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་རེད། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་ཁྲིམས་མཐུན་ངང་སྨན་རྫས་བཙོང་ཆོག་པའི་ཚོང་རའི་བྱེད་པོས་དྲ་ཐོག་ཕྱིར་ཚོང་དང་ཁྱབ་ཁོངས་ལས་བརྒལ་བའི་གཉེར་སྐྱོང་བྱེད་པ་དང་། རིམས་ནད་དང་འབྲེལ་བ་ཡོད་པའི་དངོས་རྫས་དེ་བཙན་ཤེད་རང་བཞིན་གྱི་སྦྱོར་བ་བརྩམས་ནས་ཚད་གཞི་དང་མི་མཐུན་པར་བྱེད་པ། རྫུན་མ་ངོ་མར་གཏོང་བ། སྤུས་ཞན་སྤུས་བཟང་དུ་གཏོང་བ། ཚད་མི་ལོན་པའི་ཐོན་རྫས་ཚད་མཐུན་གྱི་ཐོན་རྫས་ལ་བསྒྱུར་བ། ཚོང་རྟགས་ལ་བཙན་གནོད་བྱེད་པ། གཞན་གྱི་ཁེ་དབང་གཡོ་ལེན་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་རེད།

གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ནས། ནད་ཡམས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དེ་ཁྲིམས་འཛིན་ཞིབ་བཤེར་གྱི་གཙོ་གནད་ལས་དོན་ལ་བརྩིས་ནས། གྱོད་གཞི་དམ་འཛིན་དང་དམངས་འཚོར་འགན་ལེན་བྱེད་རྒྱུ་རེད།

གླེང་ཕྱོགས་ལ་ལྟ་ཞིབ་ཚད་ལེན་དང་དེར་ཁ་གཏད་འཇལ་བའི་ཐད་ནས། ནད་ཡམས་དང་འབྲེལ་བ་ཡོད་པའི་སྨན་རྫས་དང་སྨན་བཅོས་མཁོ་ཆས་ཀྱི་གླེང་ཕྱོགས་གནས་ཚུལ་ལ་དམ་པོར་དམིགས་རྒྱུ་དང་། ཚན་རིག་ཁྱབ་བརྡལ་གྱི་དྲིལ་བསྒྲགས་ལ་ཤུགས་སྣོན་པ། དཔེ་མཚོན་གྱོད་གཞི་དུས་ཐོག་ཏུ་ཡོངས་བསྒྲགས་བཅས་བྱས་ནས། སྤྱི་ཚོགས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་འབད་པས་བསྐྲུན་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།