མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དུམ་ཁག་ཆེན་པོ་ལྔར་དམིགས་ནས་རྒྱལ་ཁོངས་ལྗང་སྒྱུར་ལྗང་སྐྱེད་ཀྱི་སྤུས་འདེགས་ཕན་སྐྱེད་བྱ་བ་ཚན་རིག་དང་མཐུན་པར་སྤེལ།
2023.01.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

གསར་འགོད་པས་ཉེ་སྔོན་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་མི་སྡོད་ཁོར་ཡུག་སྔར་ལས་ཇེ་ལེགས་ཇེ་བཟང་དུ་གཏོང་ཆེད། རང་ཞིང་གིས་རྒྱལ་ཁོངས་ལྗང་སྒྱུར་ཚན་རིག་དང་མཐུན་ཞིང་གཞི་ཁྱོན་ཆེན་པོས་སྤེལ་བའི་ཐད་ནས་ལྗང་སྐྱེད་དང་སྤུས་འདེགས། ཕན་སྐྱེད་བཅས་བྱས་ཏེ། མཉམ་འབྲེལ་དྲ་བའི་ཁར་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་སྣོན་པའི་བྱེད་ཐབས་ཕྱོགས་ཡོངས་ནས་སྤྱད་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་འོས་འགན་སྡོང་འཛུགས་རྟེན་གཞི་བཙུགས་ཏེ། ལྗང་སྒྱུར་ཆེན་པོ་དང་སྐྱེ་ཁམས་ཆེན་པོའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ཅན་ཕིང་གིས་བཤད་རྒྱུར། ང་ཚོས་རི་ཆུ་ནགས་ཞིང་མཚེའུ་རྩྭ་དང་བྱེ་མ་ཐམས་ཅད་ཚེ་སྲོག་གི་ཐུན་མོང་ཚོགས་པ་གཅིག་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོ། ཚྭ་འདམ་གཞོང་། ཙོང་ཆུའི་འགྲམ་རྒྱུད་བཅས་སྐྱེ་ཁམས་དུམ་ཁག་ཆེན་པོ་ལྔ་ལ་དམ་དུ་དམིགས་ནས། ནགས་རྩྭའི་ས་ཁོངས་རང་བཞིན་གྱི་མ་ལག་བཅོས་སྐྱོང་རྣམ་གྲངས་དང་། ས་ཁོངས་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་རྣམ་གྲངས། རྒྱལ་ཁོངས་ལྗང་སྒྱུར་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་བཅས་རྩ་འཛུགས་དང་ལག་བསྟར་བཟང་བོ་བྱས་པ་ཡིན་ཟེར།

རང་ཞིང་གི་བྱང་གསུམ་བཟོ་སྐྲུན་གྱི་འཆར་འགོད་སྒྲིག་བཟོ་སྐབས་དྲུག་པའི་བྱ་བ་སྒྲུབ་ཆེད། རི་རྒོད་དུ་སྡོང་བོ་འཛུགས་པ་དང་། བརླན་སར་སྲུང་སྐྱོབ་བྱེད་པ། རྨོ་བསྐྱུར་ནགས་གསོ་རྩྭ་གསོ་སོགས་ཀྱི་བཟོ་སྐྲུན་གཅིག་གྱུར་གྱིས་ལག་བསྟར་བྱས་པ་དང་། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་རྨ་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཛུགས་སྐྲུན་འཆར་འགོད་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བ་དང་། གཙང་ཆུ་ཆེན་པོའི་ཆུ་ལག་གི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་བཟོ་སྐྲུན་ལག་བསྟར་བྱེད་པ། འབབ་རྒྱུད་གཙོ་བོའི་སྐྱེ་ཁམས་བྱེད་ནུས་ས་ཁོངས་གཙོ་བོའི་རང་བྱུང་ནགས་དང་། བརླན་ས། རྩྭ་ས་བཅས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་ཤུགས་སྣོན་་དང་། ཆུ་འགྲམ་གྱི་གྲམ་ཁར་གཅིག་གྱུར་གྱིས་སྲུང་སྐྱོབ་དང་ཉམས་གསོ་བྱས་ཏེ། ཆུ་ལོག་འགོག་པ་དང་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འཛོམས་པའི་ལྗང་མདོག་གི་སྐྱེ་ཁམས་བར་ཁྱམས་ཤིག་བསྐྲུན་རྒྱུ་རེད།

དེ་དང་མཉམ་དུ། ནགས་ཚལ་མཁར་གྲོང་དང་གྲོང་གསེབ་འཛུགས་སྐྲུན་བསྟུད་མར་སྤེལ་བ་དང་། གྲོང་གསེབ་སྐྱེ་ཁམས་བར་ཁྱམས་མ་ལག་བཙུགས་ཏེ། ལྗང་སྐྱེད་ཀྱི་ཐད་དུ་སྟོབས་ཤུགས་གལ་ཆེན་བསྐྱེད་ནས། རི་རྒོད་ནགས་ཚལ་ཅན་དང་ཞིང་ས་ནགས་དྲ་ཅན། སྡེ་གྲོང་སྐྱེད་ཚལ་ཅན། བགྲོད་ལམ་ལྗོན་གྲིབ་ཅན། ལྷས་ར་སིལ་ཏོག་ཅན་བཅས་ཧུར་ཐག་གིས་མངོན་འགྱུར་བྱ་རྒྱུ་དང་། གནའ་སྡོང་དང་ཤིང་རིགས་རྩ་ཆེན་གྱི་ཐོན་ཁུངས་ཁྱབ་བཤེར་དང་ཁ་གསབ་རྟོག་ཞིབ་དུས་ལྟར་སྤེལ་ནས། ཐོན་ཁུངས་རྟོག་ཞིབ་དང་མིང་བཏགས་སྲུང་སྐྱོབ་ཀྱི་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གནའ་སྡོང་དང་ཤིང་རིགས་རྩ་ཆེན་སྲུང་སྐྱོབ་དོ་དམ་གྱི་གསལ་ཁྲ་ལས་རྒྱུ་རེད།

དེས་མི་ཚད་བྱེ་འགོག་བྱེ་བཅོས་ཁྱབ་ཁོངས་ཀྱི་འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན། རིག་ནུས་ཅན་བཅས་ཀྱི་འཛུགས་སྐྲུན་གྱི་ཚད་ཧུར་ཐག་གིས་ཇེ་མགྱོགས་སུ་གཏོང་བ་དང་། བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས། བྱེ་འགྱུར་ཅན་གྱི་འགོག་བཅོས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བྱེ་སའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་ཚད་མཐོར་འདེགས་སུ་གཏོང་བ། འགོག་བཅོས་བྱེད་ཚད་ཚན་རིག་ཅན་དུ་གཏོང་བ་བཅས་བྱས་ཏེ། ནགས་ཚལ་དང་རྩྭ་ས། བརླན་ས། བྱེ་འགྱུར། སྲུང་སྐྱོབ་བྱེད་ས། མཁར་གྲོང་། གཏེར་རི་སོགས་ས་ཁོངས་སུ་སྤྱི་ཚོགས་མ་རྩ་བཀུག་ནས་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་བྱེད་རྒྱུ་ཡིན་པ་དང་། མིས་བཟོས་ནགས་ཚལ་སྔོན་སྐྲུན་རྗེས་གསབ་དང་། ཁྱད་པར་ཅན་གྱི་ནགས་སྐྲུན་རྩྭ་འདེབས་མ་རྩ་ཁ་གསབ་སོགས་ཀྱི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་ནས། རྒྱལ་ཁོངས་ལྗང་སྒྱུར་གྱི་བརྒྱུད་རིམ་ཧྲིལ་བོའི་མ་རྩ་དང་། སྤུས་ཚད་དོ་དམ་དང་མ་དངུལ་ཁ་གསབ་སྲིད་ཇུས་ཐད་འཚོལ་ཞིབ་དང་ཞིབ་འཇུག་བྱེད་རྒྱུ་རེད།